ཨ་རིས་རྒྱ་ནག་ཐོག་སྒོ་ཁྲལ་འཕར་མ་བརྒྱ་ཆ་ ༡༢༥ བཀལ་རྒྱུ་ཡིན་པ་བསྒྲགས་འདུག

2025.04.09
ཨ་རིས་རྒྱ་ནག་ཐོག་སྒོ་ཁྲལ་འཕར་མ་བརྒྱ་ཆ་ ༡༢༥ བཀལ་རྒྱུ་ཡིན་པ་བསྒྲགས་འདུག ཨ་རི་དང་རྒྱ་ནག་གི་རྒྱལ་དར།
Carlos Barria/Reuters

དེ་ཡང་ཟླ་ ༤ ཚེས་ ༩ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམ་ཕུ་མཆོག་གིས་ཉིན་ ༩༠ རིང་ཨ་རིས་རྒྱལ་ཁབ་མང་ཆེ་བར་མཉམ་འདྲའི་སྒོ་ཁྲལ་བཀལ་བ་དེ་བཞིན་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་ནའང་། རྒྱ་ནག་འདིའི་ཁོངས་སུ་མི་ཚུད་པ་དང་། བྱུང་རིགས་རྒྱ་ནག་གིས་སྒོ་ཁྲལ་ཡ་ལན་སློག་པའི་ལམ་སྲོལ་གསར་པ་ཞིག་གསལ་བསྒྲགས་བྱས་པར་བརྟེན། རྒྱ་ནག་གི་ཕྱིར་འདྲེན་ཐོག་སྒོ་ཁྲལ་བརྒྱ་ཆ་ ༡༢༥ ལ་སྤར་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག་ལ། སྲིད་འཛིན་ཊམཔ་ཡིས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲོམ་རྭར་གུས་བརྩི་མི་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་ཨ་རིའི་སྲིད་གཞུང་ངོས་ནས་རྒྱ་ནག་ལ་སྒོ་ཁྲལ་འཕར་མ་བརྒྱ་ཆ་ ༡༢༥ བཀལ་རྒྱུ་ཡིན་ཞིང་། མ་འོངས་རྒྱ་ནག་གཞུང་ནས་རྒྱལ་ཁབ་དེ་ཉིད་ཀྱིས་ཨ་རི་གཙོས་པའི་རྒྱལ་ཁབ་གཞན་རྣམས་ལ་ཚོང་ཐོག་ནས་དྲན་པོ་མི་བྱེད་པའི་གནས་ཚུལ་ཤེས་རྟོགས་ཐུབ་པའི་རེབ་བྱེད་ཀྱི་ཡོད་ཅེས་གསུངས་འདུག

འདི་ཚེས་ ༩ ཉིན་ཨ་རིས་རྒྱ་ནག་གི་ཚོང་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་ ༡༠༤ བཀལ་རྒྱུའི་གསལ་བསྒྲགས་ལ་རྒོལ་ལན་ཆེད། རྒྱ་ནག་གི་འགག་སྒོའི་ཁྲལ་བསྡུ་ལྷན་ཚོགས་ཀྱིས་ཨ་རིའི་ནང་འདྲེན་ཚོང་ཟོག་ཡོངས་ལ་འདི་ཚེས་ ༡༠ ནས་འགོ་འཛུགས་ཀྱིས་བརྒྱ་ཆ་ ༨༤ སྒོ་ཁྲལ་བཀལ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུག

ཟླ་ ༤ ཚེས་ ༢ ཉིན་ཨ་རིའི་སྲིད་གཞུང་གསར་པས་སྲིད་འཛིན་ཊམཔ་གྱིས་ཚོང་འབྲེལ་ཐད་"གནོད་སྐྱོན་ཆེ་ཤོས་བཟོ་མཁན་"ཟེར་བའི་རྒྱལ་ཁབ་ ༦༠ ལ་སྒོ་ཁྲལ་ཆེན་པོ་བཀལ་ཡོད་ཅིང་། འདི་ཚེས་ ༩ ཉིན་ཨ་རིའི་སྲིད་གཞུང་གིས་རྒྱ་ནག་གི་ཚོང་ཟོག་ལ་བརྒྱ་ཆ་ ༡༠༤ ཡི་ཁྲལ་བསྡུ་རྒྱུ་བསྒྲགས་པར། རྒྱ་ནག་གཞུང་ཕྱོགས་ནས་དེར་ཡ་ལན་གྱིས། ཨ་རིའི་ཐོན་རྫས་ཐོག་སྒོ་ཁྲལ་བརྒྱ་ཆ་ ༨༤ བར་སྤར་ཡོད་པ་རེད་འདུག

ཨ་རིའི་སྲིད་གཞུང་གསར་པར་རྒྱལ་ཁབ་དེ་དག་ཐོག་སྒོ་ཁྲལ་འཕར་མ་བཀལ་བར། སྲིད་འཛིན་ཊམཔ་ཡིས་རྒྱལ་ཁབ་ ༧༠ ཙམ་གྱིས་ཨ་རིར་འབྲེལ་གཏུག་གིས་སྒོ་ཁྲལ་ཉུང་དུ་གཏོང་ཐབས་ཀྱི་གྲོས་མོལ་བྱེད་བཞིན་ཡོད་སྐོར་གསུངས་ཡོད་ཀྱང་། རྒྱ་ནག་གིས་དེ་ལས་ལྡོག་སྟེ་ཨ་རིའི་ནང་འདྲེན་ཐོན་རྫས་ཐོག་དེ་སྔོན་བརྒྱ་ཆ་ ༣༤ སྤར་འཆར་བྱས་ཡོད་པའི་ཐོག་བརྒྱ་ཆ་ ༥༠ འཕར་མ་བསྣན་ཏེ་ཁྱོན་སྒོ་ཁྲལ་བརྒྱ་ཆ་ ༨༤ བཀལ་ཡོད་ཅིང་། རེས་གཟའ་པ་སངས་འདི་ཚེས་ ༡༠ ནས་སྒོ་ཁྲལ་དེ་བཞིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ། ཟླ་ ༤ ཚེས་ ༩ ཉིན་རྒྱ་ནག་གི་འགག་སྒོའི་ཁྲལ་བསྡུ་ལྷན་ཚོགས་ (Customs Tariff Commission of the State Council) ཡིས་གསལ་བསྒྲགས་བྱས་ཡོད་པ་རེད། 

ཨ་རིས་རྒྱ་ནག་གི་ཚོང་ཟོག་ལ་བརྒྱ་ཆ་ ༡༠༤ ཡི་ཁྲལ་བསྡུ་རྒྱུ་བསྒྲགས་པའི་ཐད་རྒྱ་ནག་གི་དཔལ་འབྱོར་བློན་ཆེན་གྱིས་འདི་ཚེས་ ༩ ཉིན། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་ཨ་རིར་སྒོ་ཁྲལ་འཕར་མ་བཀལ་རྒྱུའི་གསལ་བསྒྲགས་སྐབས། "ཨ་རིས་རྒྱ་ནག་ཐོག་སྒོ་ཁྲལ་སྤར་བ་ནི། ནོར་འཁྲུལ་སྟེང་དུ་ནོར་འཁྲུལ་བསྣན་པ་ཞིག་ཡིན་པ་དང་།  དེས་རྒྱ་ནག་གི་ཁྲིམས་མཐུན་ཐོབ་ཐང་དང་ཁེ་ཕན་ལ་གནོད་འཚེ་ཚབས་ཆེ་བཟོས་ཡོད་པ་མ་ཟད། སྒྲིག་ཁྲིམས་ལ་གཞི་བཅོལ་བའི་རྒྱལ་སྤྱིའི་ཚོང་འབྲེལ་ལམ་ལུགས་ལའང་གནོད་འཚེ་ཚབས་ཆེ་བཟོས་ཡོད།" ཅེས་བརྗོད་འདུག


TG5FZXRW7NFINCPQA7HFAMOCQM.jpg

ཨ་རིའི་སྲིད་འཛིན་ཊམཔ་ཡིས་ཕོ་བྲང་དཀར་པོར་སྒོ་ཁྲལ་སྐོར་གསལ་བསྒྲགས་གནང་སྐབས། ༢༠༢༥།༠༤།༠༢ ཉིན།

འཛམ་གླིང་གི་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་ཨ་རི་དང་རྒྱ་ནག་གཉིས་ཀྱི་དབར་ཚོང་འབྲེལ་འཐབ་རྩོད་འདིས་འཛམ་གླིང་གི་དཔལ་འབྱོར་དལ་དུ་གཏོང་བའི་ཉེན་ཁ་ཡོད་པ་མ་ཟད། དཔལ་འབྱོར་ཉམས་རྒུད་ཀྱི་དངངས་སྐྲག་སློང་གི་ཡོད་པ་རེད། 

ཐེངས་འདིར་ཨ་རིས་རྒྱ་ནག་གི་ཚོང་ཟོག་ཐོག་སྒོ་ཁྲལ་བརྒྱ་ཆ་ ༡༠༤ བཀལ་བ་དེ་ནི། ཐོག་མར་ཨ་རིས་རྒྱ་ནག་གི་ཕྱིར་ཚོང་ཐོག་བརྒྱ་ཆ་ ༣༤ ཡི་སྒོ་ཁྲལ་བཀལ་ཡོད་སྐོར་བརྗོད་ཡོད་ཀྱང་། དེར་རྒྱ་ནག་གཞུང་ཕྱོགས་ནས་དེ་མཚུངས་ཀྱི་སྒོ་ཁྲལ་འཕར་མ་བཀལ་བར་བརྟེན་ཊམཔ་སྲིད་གཞུང་གིས་བདུན་ཕྲག་འདིའི་ནང་སླར་ཡང་རྒྱ་ནག་ཐོག་སྒོ་ཁྲལ་འཕར་མ་བརྒྱ་ཆ་ ༥༠ བསྣན་ཡོད་པ་རེད། གཞན་ཡང་ལོ་འདིའི་མགོ་སྟོད་དུ་ཨ་རིས་རྒྱ་ནག་གི་ཁྲིམས་འགལ་ཚོང་འདྲེན་ལ་ཁ་གཏད་གཅོག་ཆེད་བརྒྱ་ཆ་ ༢༠ ཡི་སྒོ་ཁྲལ་བཀལ་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཊམཔ་ཡིས་འདི་ཚེས་ ༨ རེས་གཟའ་མིག་དམར་ཉིན་སྤྱི་མཐུན་ཚོགས་པའི་དགོང་ཚིགས་ཤིག་གི་སྟེང་གསུང་བཤད་གནང་བའི་ནང་། "རྒྱལ་ཁབ་མང་པོས་ང་ཚོར་ཕྱོགས་གང་ས་ནས་སྒོ་ཁྲལ་སོགས་བཀལ་ཏེ་བཅོམ་ཡོད། འོན་ཀྱང་ད་ནི་ང་ཚོས་ཁོ་ཚོར་ཕར་བཅོམ་རྒྱུའི་དུས་ལ་བབ་ཡོད།" ཅེས་གསུངས་ཡོད་པ་རེད་འདུག

མ་ཟད་ཁོང་གིས། ཕྱིའི་རྒྱལ་ཁབ་ཁག་ནས་བྱུང་བའི་སྒོ་ཁྲལ་དེ་དག་བརྒྱུད་ཨ་རིར་ཉིན་གཅིག་ལ་ཨ་སྒོར་ཐེར་འབུམ་ ༢ ཙམ་བྱུང་བཞིན་ཡོད་པ་གསུངས་འདུག

འདི་ཚེས་ ༩ རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་པེ་ཅིང་གིས་རང་གི་ཁེ་ཕན་སྲུང་ཆེད་བརྟན་པོ་དང་སྟོབས་ཤུགས་ཅན་གྱི་ཐབས་ལམ་ལག་བསྟར་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད་ལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ (Lin Jian) ཡིས་ཉིན་རེའི་གསར་འགོད་གསལ་བསྒྲགས་སྐབས། ཨ་རིས་གལ་ཏེ་གྲོས་མོལ་བརྒྱུད་དཀའ་ངལ་སེལ་འདོད་ཡོད་ཚེ། འདྲ་མཉམ་དང་གུས་བརྩི། དེ་བཞིན་ཕན་ཚུན་ཁེ་ཕན་གྱི་བསམ་བློ་མངོན་རྒྱུ་ཡོད་དགོས་ཤིང་། གལ་ཏེ་ཨ་རིས་སྒོ་ཁྲལ་དང་ཚོང་འབྲེལ་གྱི་དམག་འཐབ་བྱ་རྒྱུར་ཨུ་ཚུགས་བྱེད་ཚེ། རྒྱ་ནག་ངོས་ནས་མཐའ་མཇུག་བར་འཐབ་རྒྱུ་ཡིན་པ་ཐེ་ཚོམས་མེད་ཅེས་བརྗོད་འདུག

ཨ་རིའི་སྲིད་གཞུང་གསར་པའི་ངོས་ནས་འཛམ་གླིང་རྒྱལ་ཁབ་མང་དག་ཅིག་ལ་སྒོ་ཁྲལ་སྤར་བའི་རྒྱུ་རྐྱེན་ལ་བརྟེན་ནས་རྒྱལ་སྤྱིའི་མ་འཛུགས་ཁྲོམ་ར་ཉམས་རྒུད་དང་། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོར་དཀའ་ངལ་འཕྲད་གཞིར་འགྱུར་ཡོད་ལ། ལྷག་པར་ཨ་རི་དང་རྒྱ་ནག་གཉིས་ནི་འཛམ་གླིང་གི་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་གཉིས་ཡིན་པས། ཨ་རྒྱའི་བར་གྱི་ཚོང་དམག་ལ་བརྟེན་ནས་རྒྱལ་སྤྱིའི་ཚོང་རར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན་པ་རེད། །

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎