རྒྱ་ནག་ནང་གི་ས་ཁང་ཁེ་ལས་ཁང་ཞིག་བུ་ལོན་ནང་ལྷུང་བར་བརྟེན་མ་རྐང་ཁྲོམ་ར་མང་པོ་མར་ཟག་འདུག

2021.09.20
རྒྱ་ནག་ནང་གི་ས་ཁང་ཁེ་ལས་ཁང་ཞིག་བུ་ལོན་ནང་ལྷུང་བར་བརྟེན་མ་རྐང་ཁྲོམ་ར་མང་པོ་མར་ཟག་འདུག པེ་ཅིང་ནང་ས་ཁང་ཁེ་གཉེར་ལས་ཁང་(Evergrande)་ཞེས་བའི་ཁྱབ་བསྒྲགས་ཞིག ༩།༡༥།༢༡
AP

ས་ཁང་འཛུགས་བསྐྲུན་ཁེ་གཉེར་ལས་ཁང་(Evergrande)་ཞེས་པ་རྒྱ་ནག་ནང་གི་ཁེ་གཉེར་ལས་ཁང་ཆེ་ཤོས་ཞིག་ཡིན་པ་དང་། ད་ལྟའི་ཆར་ཨ་སྒོར་ཐེར་འབུམ་༣༠༠་ལྷག་གི་བུ་ལོན་ཡོད་པའི་དཀའ་ངལ་འཕྲད་བཞིན་པར་བརྟེན། རྒྱ་ནག་དང་རྒྱལ་སྤྱིའི་དཔལ་འབྱོར་གྱི་ཐོག་ལ་ཡང་ཤུགས་རྐྱེན་མི་ཡོང་ངམ་བསམ་པའི་སེམས་ཚབས་གནང་གི་ཡོད་པ་རེད།
འདི་ཚེས་༢༠་གཟའ་ཟླ་བ་ཉིན་ས་ཁང་ཁེ་གཉེར་ཁང་དེའི་མ་རྐང་ཁྲོམ་རའི་མ་ཤེར་རིན་གོང་བརྒྱ་ཆ་༡༧་མར་ཆག་ཡོད་པ་མ་ཟད། རྒྱ་ནག་ནང་གི་ས་ཁང་ཁེ་གཉེར་ལས་ཁང་གཞན་འགའ་ཤས་ཀྱི་མ་ཤེར་རིན་གོང་བརྒྱ་ཆ་༡༢་ཙམ་མར་ཆག་པ་བཅས་གཅིག་གིས་གཅིག་ལ་ཤུགས་རྐྱེན་ཐེབས་ནས་མི་མང་ནང་ཡིད་ཆེས་དང་གདེང་ཚོད་མེད་པ་ཆགས་ཀྱི་ཡོད་པ་འདུག
རྒྱ་ནག་ནང་ཚོང་ལས་དེ་དག་གཅིག་གིས་གཅིག་ལ་བརྟེན་དགོས་པ་ཡིན་དུས། ཁེ་གཉེར་ཁང་གཅིག་ལ་དཀའ་ངལ་འཕྲད་པ་ཡིན་ན་ཁེ་ལས་ཁང་གཞན་དག་ཉེན་སྲུང་མ་འཇོག་གི་ཁེ་ལས་ཁང་དང་། དངུལ་ཁང་སོགས་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པར་བརྟེན་གཟའ་ཟླ་བའི་ཉིན་རྒྱ་ནག་ནང་མ་རྐང་ཁྲོམ་རའི་སྤྱི་ཡོངས་ཀྱི་བརྒྱ་ཆ་༤་ཙམ་མར་ཟག་ཡོད་པ་མ་ཟད། ཧོང་ཀོང་ནང་གི་ས་ཁང་གི་མ་རྐང་ཁྲོམ་རའི་རིན་གོང་ཤུགས་ཆེན་མར་ཟག་ཡོད་འདུག
རྒྱ་ནག་གཞུང་གིས་ཛ་དྲག་གི་གནད་དོན་དེ་དང་འབྲེལ་བའི་ཐད་གང་ཡང་བརྗོད་མེད་པ་རེད། གནད་དོན་དབྱེ་ཞིབ་པ་ཚོས་གལ་སྲིད། རྒྱ་ནག་གཞུང་རང་གིས་ཛ་དྲག་གནད་དོན་དེ་དང་འབྲེལ་བའི་ཐོག་ལ་རྒྱབ་སྐྱོར་གྱི་བརྡ་ལན་གང་ཡང་མ་བྱུང་བ་དང་། ས་ཁང་ཚོང་གཉེར་ཐོག་སྲིད་ཇུས་ལྷོད་དུ་མ་བཏང་བ་ཡིན་ན་གནས་ཚུལ་ད་དུང་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
ད་ལྟའི་སྐབས་སུ་ཚོང་གི་དཀའ་ངལ་ནང་ལྷུང་པའི་(Evergrande)་ས་ཁང་ཁེ་གཉེར་ལས་ཁང་གིས་དངུལ་ཁང་གི་དངུལ་གཡར་གྱི་སྐྱེད་ཀ་སྤྲོད་ཐུབ་རྒྱུ་མིན་པ་ཧ་ལམ་ངེས་པ་ཞིག་དང་། དེ་ཡང་སྤྱི་ཟླ་དྲུག་པའི་ཟླ་མཇུག་དུ་ཁེ་གཉེར་ལས་ཁང་དེ་ལ་བུ་ལོན་ཨ་སྒོར་ཐེར་འབུམ་༣༠༩་ཙམ་ཡོད་པ་དང་། དེ་ནི་རྒྱ་ནག་གི་རྒྱལ་ཡོངས་ཀྱི་དཔལ་འབྱོར་གྱི་ཐོན་ཁུང་ལས་བརྒྱ་ཆ་༢་ཙམ་ཆགས་ཀྱི་ཡོད་འདུག
ཐོག་མ་གོང་ཞུས་ཁེ་གཉེར་ལས་ཁང་དེས་༡༩༩༠་ལོ་གྲངས་ནང་ས་ཁང་གི་རིན་གོང་འཕར་བཞིན་པའི་སྐབས་དང་བསྟུན་ནས་འགོ་འཛུགས་གྱིས་བུ་ལོན་ལ་བརྟེན་ནས་མ་རྩ་ཆེན་པོ་ཆགས་ཡོད་པ་དང་། མ་རྩ་ཆེན་པོ་ཡོད་པ་བརྟེན་ཚོང་གཉེར་མུ་མཐུད་དུ་རྒྱ་བསྐྱེད་བཏང་ནས་༢༠༢༠་ལོར་བར་འཕེལ་རྒྱས་ཕྱིན་ཡོད་པ་རེད། དེའི་རྗེས་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་ཚན་པ་ཁག་ཡོང་ལ་ཁོད་སྙོམས་ཀྱི་འཕེལ་རྒྱས་ཡོང་ཐབས་སུ་བཀག་བསྡོམས་བཟོས་ཡོད། དེ་ཡང་ཁེ་གཉེར་ཁང་དེ་ལ་ཁང་པ་གསར་རྒྱག་མ་ཚར་གོང་ལ་ཚོང་བསྒྱུར་བྱེད་མི་ཆོག་པ་བཟོས་ཡོད་པ་རེད། འོན་ཀྱང་ཁེ་གཉེར་ལས་ཁང་དེ་ལ་དངུལ་སྔ་འདོན་སྤྲད་ནས་ཁང་པ་མངགས་ཉོ་བྱེད་མཁན་མི་ས་ཡ་བརྒལ་བ་ཡོད་པ་དང་། དེ་དག་གི་ནང་ནས་མང་པོ་ཞིག་ཁང་པ་གསར་པ་ཉོ་མཁན་རེད་འདུག འོན་ཀྱང་ད་ཆ་ཁང་པ་གསར་རྒྱག་གི་ཆེད་དངུལ་ཁང་སོགས་ནས་དངུལ་གཡར་ས་མེད་པ་རེད།
ཉིན་ཤས་སྔོན་རྒྱ་ནག་ནང་གི་གྲོང་ཁྱེར་འགའ་ཤས་ནང་ས་ཁང་ཁེ་གཉེར་ལས་ཁང་དེའི་གཞུང་ལས་ཁང་གི་མདུན་དུ་མི་མང་དཀྱུས་མ་མ་རྩ་འཛུགས་མཁན་ཚོས་བུ་ལོན་ཕྱིར་སྤྲོད་དགོས་པའི་ཐད་ངོ་རྒོལ་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་སྤྱི་ཚོགས་བརྟན་ལྷིང་ཡོང་ཆེད་ས་ཁང་ཚོང་གཉེར་ལས་ཁང་མ་རྩ་རྡིབ་གྲབས་ཡོད་པ་དེར་གཞུང་གིས་བསྒྱུར་བཅོས་བཏང་ནས་སྐྱོབ་ཐབས་ཀྱི་ཐབས་ཤེས་མི་བྱེད་རང་བྱེད་ཞིག་དང་། དེ་ལྟར་མ་བྱུང་ཚེ་ས་ཁང་ཁེ་གཉེར་གྱི་དཔལ་འབྱོར་ཐོག་རྒྱ་ནག་ནང་གཞི་རྒྱ་ཆེ་སའི་དཀའ་ངལ་ཕྲད་སྲིད་པའི་སྐོར་གནད་དོན་དབྱེ་ཞིབ་པས་བརྗོད་འདུག

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎