ཆི་ལེའི་ཡུལ་མི་ས་ཡ་གཉིས་ལྷག་ལ་ས་ཡོམ་གྱི་གནོད་འཚེ་ཕོག།
2010.02.28
༄༅༎རེས་གཟའ་སྤེན་པའི་ཉིན་ཆི་ལེ་ཡུལ་གྲུའི་ནང་ས་ཡོམ་འགུལ་ཚད་༨་དང་ཚགས་༨་རྒྱབ་པ་དེ་ནི་ཕྱི་ལོ་༡༧༣༠་ནས་༢༠༠༤བར་དུ་འཛམ་གླིང་ནང་དུ་ས་ཡོམ་གྱི་འགུལ་ཚད་ཤུགས་ཆེ་ཤོས་བཅུའི་གྲས་སུ་སླེབས་ཡོད་པ་རེད།
རེས་གཟའ་སྤེན་པའི་ཉིན་དབུས་ཆི་ལེ་ནང་དུ་བརྒྱབ་པའི་རང་འབྱུང་གྱི་གནོད་འཚེ་དེའི་ནང་དེ་རིང་རེས་གཟའ་ཉི་མ་བར་དུ་ཁྱོན་མི་གྲངས་༣༠༠་ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་གྲངས་ཚད་ངོས་འཛིན་བྱེད་པ་དང། མི་དམངས་ས་ཡ་གཉིས་ཙམ་ལ་གནོད་འཚེའི་ཤུགས་རྐྱེན་ཐེབས་ཡོད་པ་མ་ཟད། ད་རེས་ཆི་ལེ་ནང་གི་ས་ཡོམ་གྱི་གནོད་འཚེ་དེ་ནི་དེ་སྔ་ཕྱི་ལོ་༡༧༣༠་ནས་རྩིས་པ་ཡིན་ན། ས་ཡོམ་འགུལ་ཚད་༨དང་ཚགས་༧ནས་༩་བར་རྒྱབ་མཁན་གྱི་ས་ཡོམ་གྱི་འགུལ་ཚད་ཤུགས་ཆེ་བ་བཅུའི་གྲས་སུ་ངོས་འཛིན་བྱེད་པ་མ་ཟད། ༡༦༨༧ནས་༢༠༠༧བར་དུ་རྩིས་པ་ཡིན་ན། ས་ཡོམ་འགུལ་ཚད་༨་དང་ཚགས་༥ནས་༩་བར་དུ་རྩིས་པའི་འགུལ་ཚད་ཤུགས་ཆེ་བ་ཉི་ཤུའི་གྲས་སུ་ཡང་ངོས་འཛིན་བྱས་ཡོད་ཅིང། དེ་ཡང་ས་གཤིས་མཁས་པས་ཞིབ་འཇུག་གི་ལོ་རྒྱུས་ལུང་འདྲེན་བྱས་ཏེ་ས་ཡོམ་འགུལ་ཚད་ཤུགས་ཆེ་བ་ཉི་ཤུ་རིམ་པ་བཞིན་བཀོད་པའི་ནང། ཕྱི་ལོ་༡༦༨༧་ལོའི་ཕྱི་ཟླ་བཅུ་པའི་ཚེས་༢༠ཉིན་པེ་རུའུ་ནང་ས་ཡོམ་འགུལ་ཚད་༨་དང་ཚགས་༥་བརྒྱབ་པ་དང། ༡༧༠༠་ལོར་ཨ་མེ་རི་ཀའི་ནུབ་བྱང་དང་ལྷ་ཕྱོགས་ཀོ་ལམ་སྦི་ཡ་དང་ཀེ་ན་ཌ་བར་དུ་ས་ཡོམ་འགུལ་ཚད་༨་ཚགས་བརྒྱད་བརྒྱབ་པ་དང། ཕྱི་ལོ་༡༧༣༠ལོར་ཆི་ལེ་ནང་འགུལ་ཚད་༨་དང་ཚགས་བདུན་རྒྱབ་པ། དེ་རྗེས་༦༢་ལོར་ཆི་ལེ་དང་ཨར་ཇེན་ཀྲི་ན་ས་མཚམས་སུ་ས་ཡོམ་འགུལ་ཚད་བརྒྱད་དང་ཚགས་ལྔ་བརྒྱབ་པ་མ་ཟད། རེས་གཟའ་སྤེན་པའིཉིན་ས་ཡོམ་འགུལ་ཚད་བརྒྱད་དང་ཚགས་བརྒྱད་རྒྱབ་ཡོད་པ་རེད། དེ་བཞིན་ཕྱི་ལོ་༡༧༥༥་ལོར་པོར་ཅུ་གལ་དུ་འགུལ་ཚད་བརྒྱད་དང་ཚགས་བདུན་བརྒྱབ་པ་དང། དེ་རྗེས་༡༨༦༨ལོར་པེ་རུའུ་ནང་ས་ཡོམ་འགུལ་ཚད་༩་རྒྱབ་པ་དང། ༡༨༩༦ལོར་ཉིན་ཧོང་གི་སན་རི་ཀུ་ཟེར་བའི་ས་གནས་སུ་ས་ཡོམ་འགུལ་ཚད་༨་དང་ཚགས་༥་བརྒྱབ་པ། ༡༩༣༨་ལོར་ཨིན་ཌོ་ནེ་ཤེ་ཡའི་སྦན་ཌ་རྒྱ་མཚོའི་ཐོག་ས་ཡོམ་འགུལ་ཚད་བརྒྱད་དང་ཚགས་ལྔ་དང། དེ་རྗེས་ཕྱི་ལོ་༢༠༠༥་ལོར་སླར་ཡང་ཨིན་ཌོ་ནེ་ཤེ་ཡའི་བྱང་ཕྱོགས་སུ་མ་ཏྲ་མཚོ་ཁའི་ཐོག་ས་ཡོམ་འགུལ་ཚད་༨་དང་ཚགས་དྲུག་བརྒྱབ་པ་མ་ཟད། ༢༠༠༧ལོར་ལྷོ་ཕྱོགས་སུ་མ་ཏྲ་མཚོ་གླིང་ཐོག་ས་ཡོམ་འགུལ་བརྒྱད་དང་ཚགས་ལྔ་བརྒྱབ་ཏེ། རྒྱ་མཚོའི་རྦ་རླབས་ཀྱི་གནོད་འཚེའི་འོག་མི་རྒྱུ་གཉིས་ལ་ཚབས་ཆེའི་གནོད་འཚེ་བྱུང་ཡོད་ཅིང། དེ་ནས་ཕྱི་ལོ་༡༩༥༠་པའི་ཟླ་བ་བརྒྱད་པའི་ཚེས་༡༥ཉིན་རྒྱ་གར་གྱི་ཨ་སམ་ཞེས་པའི་བོད་ཀྱི་ས་མཚམས་སུ་ས་ཡོམ་འགུལ་ཚད་བརྒྱད་དང་ཚགས་དྲུག་བརྒྱབ་པ། དེ་བཞིན་ཕྱི་ལོ་༡༩༥༢་ལོར་དེ་སྔའི་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་གི་ས་ཁུལ་ཞིག་ནང་ས་ཡོམ་འགུལ་ཚད་༩་བརྒྱབ་པ་དང། ཕྱི་ལོ་༡༩༥༧་ལོར་ཨ་ལ་སི་ཀའི་ནང་ས་ཡོམ་འགུལ་ཚད་བརྒྱད་དང་ཚགས་བརྒྱད་པ་སོགས་འཛམ་གླིང་ནང་དུ་ས་ཡོམ་གྱི་འགུལ་ཚད་བརྒྱད་དང་ཚགས་ལྔ་ནས་དགུ་བར་རྒྱབ་ཡུལ་དེ་དག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།