ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་ཚན་རྩལ་ཚོང་ལས་ཁང་ཞིག་ལ་འདྲི་རྩད་བྱས་འདུག

2022.12.16
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ནས་ཚན་རྩལ་ཚོང་ལས་ཁང་ཞིག་ལ་འདྲི་རྩད་བྱས་འདུག ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་(CECC)་གིས་ཨ་རིའི་ནང་གི་ཚན་རྩལ་ཚོང་ལས་ཁང་(Thermo fisher Scientific)་ལ་བཏང་བའི་ཡིག་གེ། ༡༢།༡༥།༢༠༢༢
སྒྲིག་བཟོ། /RFA

དེ་ཡང་འདི་ཚེས་༡༥ཉིན། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་(CECC)་གིས་ཨ་རིའི་ནང་གི་ཚན་རྩལ་ཚོང་ལས་ཁང་(Thermo fisher Scientific)་ལ་ཡིག་གེ་བཏང་ནས། ཁྱེད་ཚོའི་ཚན་རྩལ་ཚོང་ལས་ཁང་ནས་རྒྱ་ནག་ལ་བཙོང་བའི་འཕྲུལ་ཆས་དེ་དག་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ལས་དོན་ཐད་བེད་སྤྱོད་གཏོང་བཞིན་པ་དང་འབྲེལ་བ་ཡོད་པ་ཤེས་ཀྱི་ཡོད་དམ་ཞེས་འདྲི་རྩད་བྱས་འདུག
ཚན་རྩལ་ཚོང་ལས་ཁང་དེའི་འགན་འཛིན་(Marc Casper)་ལགས་ཀྱི་མཚན་ཐོག་བཏང་བའི་ཡིག་གེའི་ནང་། ཁོང་གི་ཚན་རྩལ་ཁང་དེས་བཟོ་བསྐྲུན་བྱས་པའི་འཕྲུལ་ཆས་རྒྱ་ནག་ལ་བཙོང་པ་དེ་དག་གིས། བོད་ནང་རྒྱ་ནག་གཞུང་གིས་བོད་མི་མང་པོའི་ཁྲག་རྒྱུད་རིགས་རྫས་(DNA)་མཁོ་བསྡུ་བྱེད་བཞིན་པའི་ལས་དོན་ལ་རོགས་འདེགས་བྱེད་བཞིན་པ་དང་། དེས་རྒྱ་ནག་ནང་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་རྒྱུ་ཡིན་པར་སེམས་ཚབས་ཡོད་པ་གསལ་སྟོན་བྱས་བ་དང་མཉམ། ཚན་རྩལ་ཁང་གིས་བཟོ་བསྐྲུན་བྱས་བའི་འཕྲུལ་ཆས་དེ་དག་རྒྱ་ནག་ནང་དུ་བེད་སྤྱོད་བྱེད་ཕྱོགས་སྤྱི་དང་། ལྷག་དོན་འཕྲུལ་ཆས་དེ་དག་རྒྱ་ནག་གཞུང་གིས་ཡུལ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ལས་དོན་དང་འབྲེལ་བ་མི་ཡོང་ཆེད་རྒྱ་ནག་ནང་འཕྲུལ་ཆས་དེ་དག་བཙོང་རྒྱུ་མཚམས་འཇོག་བྱེད་རྒྱུའི་འཆར་གཞི་ཡོད་མེད་བཅས་དྲི་བ་ཁག་ཅིག་དྲིས་ནས་འདྲི་རྩད་ནན་པོ་བྱས་འདུག
འཕྲིན་ཡིག་དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་(Jeff Merkley)་དང་། གྲོས་ཚོགས་འོག་མའི་འཐུས་མི་(Jim McGovern)་རྣམ་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་གཞོན་གྱི་ལས་གནས་ཐོག་བཏང་འདུག་ལ། གཞན་ཡང་གྲོས་ཚོགས་གོང་མའི་འཐུས་མི་(Marco Rubio)་དང་གྲོས་ཚོགས་འོག་མའི་འཐུས་མི་(Chris Smith)་སོགས་ཀྱིས་རྒྱབ་སྐྱོར་མཚན་རྟགས་རྒྱབ་འདུག
གནད་དོན་དེའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས། ཨ་རིའི་(Massachusetts)་མངའ་སྡེའི་ནང་ཡོད་པའི་(Thermo Fiher)་ཚན་རྩལ་ཚོང་ལས་ཁང་ལ་ཐེངས་ཁ་ཤས་ཡིག་ཐོག་བརྒྱུད་འབྲེལ་བ་བྱས་ཀྱང་ད་བར་དུ་ལན་འདེབས་གང་ཡང་འབྱོར་མ་བྱུང་མོད། མུ་མཐུད་འབྲེལ་བ་བྱེད་བཞིན་པ་ཡིན།
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཨ་རིའི་ཚན་རྩལ་ཁང་དེར་འདྲི་རྩད་བྱས་བར་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུས་འདུག


གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎