རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དགོངས་འགྲེལ་བགྲོ་གླེང་ཚོགས་ནས་ཆོས་ལུགས་ཆབ་སྲིད་ལ་བསྒྱུར་ཐབས་བྱེད་བཞིན་པ་ཉམས་ཞིབ་པས་བརྗོད་བྱུང་།

ཕྱི་ཟླ་༡༡པའི་ཚེས་༩ཉིན་རྒྱ་ནག་གཞུང་འབྲེལ་ནང་བསྟན་མཐུན་ཚོགས་དང་རྒྱ་ནག་གི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཟེར་བ་གཉིས་ཀྱི་གོ་སྒྲིག་འོག བོད་བརྒྱུད་ནང་བསྟན་ཆོས་དོན་དགོངས་འགྲེལ་གྱི་བགྲོ་གླེང་ཞེས་པ་ཞིག་རྒྱ་ནག་པེ་ཅིན་གྲོང་ཁྱེར་དུ་ཚོགས་ཏེ། བོད་བརྒྱུད་ནང་བསྟན་དུས་རབས་དང་མཐུན་པ་དང་རྒྱ་ནག་ཅན་དུ་བསྒྱུར་བའི་ཁ་ཕྱོགས་བརྟན་པོ་བཟུང་ནས། བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་ལ་འགྲེལ་བཤད་གསར་བ་བརྒྱབ་སྟེ་རྒྱ་ནག་གི་ཆབ་སྲིད་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་དགོས་པ་སོགས་བརྗོད་ཡོད་འདུག
དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བོད་བརྒྱུད་ནང་བསྟན་ལ་དགོངས་འགྲེལ་ཟེར་བ་ནི་ནང་བསྟན་ཆོས་ལུགས་དེ་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ནས། བོད་ཀྱི་དགོན་སྡེ་ཁག་དང་གྲྭ་བཙུན་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་ཁ་ལ་ཉན་ཐབས་བཟོ་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིར་པེ་ཅིན་གྲོང་ཁྱེར་དུ་ཚོགས་པའི་བགྲོ་གླེང་དེའི་སྟེང་། བོད་ཁུལ་གྱི་དགོན་སྡེ་ཁག་ནས་གྲྭ་བཙུན་༢༠༠བསྡུ་སྐོང་གིས། རྒྱ་ནག་བོད་ལྗོངས་ལས་དོན་མཐུན་སྦྱོར་ཚོ་ཆུང་གི་ཚོགས་གཙོ་དགྲ་འདུལ་ཟེར་བས། བོད་ཀྱི་གྲྭ་བཙུན་ཚོས་དགོན་སྡེའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་གྱི་བླང་བྱ་ཁོང་དུ་ཡང་དག་པར་ཆུད་པ་བྱས་ནས། ཆོས་དོན་དགོངས་འགྲེལ་གྱི་གྲུབ་འབྲས་བསྡུ་རུབ་དང་དྲིལ་སྒྲོག་ཡག་པོ་བྱེད་དགོས་བ་བརྗོད་འདུག
བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་ལས་གཞི་དེ་ལོ་ཤས་སྔོན་ནས་ལག་བསྟར་བྱས་ཡོད་ཀྱང་གྲུབ་འབྲས་དམིགས་བསལ་བ་གང་ཡང་བྱུང་མེད་ཀྱང་། སྲིད་བྱུས་དེ་དག་བརྒྱུད་བོད་ནང་གི་དགོན་སྡེ་ཁག་གི་གྲྭ་བཙུན་ཚོར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཕྱི་ལོ་༢༠༢༠ལོར་རྒྱ་ནག་གཞུང་གིས་བོད་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཚོགས་པ་ནས་བཟུང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་དགོས་པའི་སྲིད་བྱུས་མངོན་གསལ་དོད་པོས་ལག་བསྟར་བྱས་ཡོད་པ་རེད་ལ། ཕྱི་ལོ་༢༠༢༢ལོར་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་ཞི་ཅིན་ཕིན་བོད་དུ་ཕེབས་སྐབས་ཀྱི་གཏམ་བཤད་དང་། བོད་ཀྱི་བཞུགས་མོལ་ཚོགས་འདུའི་ནང་དོན་ཟེར་བ་སོགས་བཤད་དེ། སྔ་གཞུག་ཏུ་ཚོགས་འདུ་རིམ་པའི་སྟེང་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་ཏུ་སྒྱུར་ཐབས་ཀྱི་དྲིལ་བསྒྲགས་འདྲ་མིན་བྱས་ཡོད་པ་མཉམ། དེ་འབྲེལ་བོད་ནང་གི་དགོན་སྡེ་ཁག་དུ་རྣམ་པ་འདྲ་མིན་ངང་དམ་དྲག་བྱེད་བཞིན་པའི་གནས་ཚུལ་བྱུང་གི་ཡོད་པ་རེད།
དེ་བཞིན་མཚོ་ལྷོ་སོགས་བོད་ཀྱི་ས་གནས་མང་པོར་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ལ་བསྒྱུར་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་གི་འདུ་ཤེས་སྲ་བརྟན་གཏོང་བ་ཟེར་བའི་ཚོགས་འདུ་ཚོགས་པ་དང་བགྲོ་གླེང་བྱེད་པ། རྩོམ་ཡིག་འགྲན་བསྡུར་བྱེད་པ་སོགས་ཀྱི་བྱེད་སྒོ་འདྲ་མིན་སྤེལ་བཞིན་པ་རེད།
གསར་འགོད་པ། དཔལ་འབར།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།