རྒྱ་ནག་གཅིག་མཐུན་འདུས་གྲུབ་ཟེར་བ་ནི་མི་སེར་སྤེལ་ཡུལ་གྱི་ཐབས་བྱུས་ཤིག་ཡིན་པ་ཉམས་ཞིབ་པས་བརྗོད་བྱུང་།

ཕྱི་ཟླ་༩བའི་ཚེས་༡༩ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་ས་ཁུལ་ཡོངས་ནས་མི་སྣ་༤༠༠ལྷག་བསྡུ་བསྐོང་གིས། རྒྱ་ནག་གཅིག་མཐུན་འདུས་གྲུབ་ཀྱི་བླ་སྲོག་བརྟན་འཛུགས་བྱ་དགོས་ཟེར་བའི་ཚོགས་འདུ་ཤིག་ཚོགས་ཏེ། ཚོགས་འདུའི་སྟེང་གཙོ་བོ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་དང་། དེ་ཡི་ལག་ལེན་དངོས་དང་། ཁྲིམས་སྐྱོང་། རིག་གཞུང་སོགས་གླེང་སློང་བྱེད་བཞིན་ཡོད་པ་བསྒྲགས་འདུག
དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཅིག་གི་འདུས་གྲུབ་ཟེར་བ་དེ་བོད་ཀྱི་ཆོས་དང་རིག་གཞུང་། བོད་མིའི་བསམ་བློ། བོད་མི་རིགས་དང་བཅས་པ་རྒྱ་ནག་ཅན་དུ་བསྒྱུར་ཐབས་དང་། བོད་ཡུལ་མི་སེར་སྤེལ་ཡུལ་བྱེད་ཐབས་ཤིག་ལས་རྒྱ་ནག་གཅིག་གི་འདུས་གྲུབ་ཟེར་བ་ཞིག་རྩ་ནས་མེད་སྐོར་འགྲེལ་བརྗོད་གནང་གི་འདུག
ཐེངས་འདིར་རྒྱ་ནག་གཞུང་གིས་སྐོང་ཚོགས་གནང་བའི་ཚོགས་འདུ་དེ་དང་འབྲེལ། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲང་ཟེར་བས། མི་རིགས་ཁག་གི་བསམ་བློ་གཅིག་མཐུན་ངང་རྒྱ་ནག་འདུས་གྲུབ་བླ་སྲོག་བརྟན་འཛུགས་ཀྱིས། བསམ་བློའི་ཐུན་མོང་ངོས་འཛིན་གཅིག་སྒྲིལ། བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུད་བཅས་བྱས་ཏེ། བོད་དྲིལ་བསྒྲགས་དང་བོད་ངོ་སྤྲོད་ཧུར་ཐག་གིས་འཛམ་གླིང་ལ་བོད་དེ་ཤེས་རྟོགས་བྱ་བཅུག་དགོས་པ་སོགས་བརྗོད་འདུག སི་པན་དུ་གནས་སྡོད་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། རྒྱ་ནག་གཞུང་གིས་ལས་འགུལ་དེ་དག་གི་རྩ་བ་མི་རིགས་ཚང་མ་རྩ་མེད་བཟོས་ཏེ་རྒྱ་ཧན་མི་རིགས་ཀྱི་ལྟ་བ་དར་སྤེལ་བྱེད་བཞིན་པ་གསལ་བོ་ཡིན་པ་བརྗོད་བྱུང་།
རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། ཐེངས་འདིའི་ཚོགས་འདུ་དེའི་དམིགས་ཡུལ་གཙོ་བོ་ནི་བསམ་བློ་སྤེལ་རེས་དང་། ཉམས་མྱོང་མཉམ་སྤྱོད། ཐུན་མོང་ངོས་འཛིན་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྡུད་བཅས་བྱས་ནས་མི་རིགས་ཁག་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ཆེད་ཡིན་སྐོར་བརྗོད་ཡོད་པ་དང་། དེའི་ཐད་སངས་རྒྱས་སྐྱབས་ལགས་ཀྱིས། རྒྱ་ནག་གཞུང་གིས་ཀྲུང་ཧ་མི་རིགས་ཞེས་པའི་ཐ་སྙད་ཅིག་བཟོས་ཏེ། དམར་ཤོག་ཚོགས་པ་དང་གཞུང་ལ་ངོ་རྒོལ་དང་སྐྱོན་བརྗོད་རིགས་མི་ཡོང་ཆེད། མི་རིགས་ཚང་མ་གཅིག་གྱུར་ཡིན་སྐོར་གྱི་དྲིལ་བསྒྲགས་ཙམ་ལས་ཀྲུང་ཧ་མི་རིགས་ཟེར་བ་ཞིག་རྩ་ནས་མེད་སྐོར་བརྗོད་བྱུང་།
ཐེངས་འདིའི་ཚོགས་འདུ་དེ་ཉིན་གྲངས་༣་རིང་ཚོགས་བཞིན་ཡོད་པ་དང་། ཚོགས་འདུའི་ནང་རྒྱ་ནག་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་ཞིང་ཆེན་གཞན་སོགས་ནས་མི་གྲངས་༤༠༠ལྷག་མཉམ་ཞུགས་བྱས་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་བོད་གཙོས་རྒྱ་ནག་ནང་གི་མི་རིགས་ཁག་དང་རིག་གཞུང་། དེ་བཞིན་ཆོས་ལུགས་བཅས་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་འཕགས་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།