བོད་མི་ཚོས་རང་ཉིད་ཀྱི་ཆོས་ཕྱོགས་ཀྱི་བྱ་བ་རྒྱ་ནག་གི་དར་ཆའི་འོག་སྤེལ་དགོས་པའི་གནས་ཚུལ་སྤེལ་འདུག
དེ་ཡང་སི་པན་སྐད་ཡིག་ཐོག་གི་གསར་ཁང་ཆེ་གྲས་(EFE)་ཞེས་པའི་གསར་འགོད་པ་(Jesus Centeno)་ཞུ་བ། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་མཐུན་ཚོགས་བོད་དུ་བསྐྱོད་པའི་ལས་རིམ་གྱི་ཆ་ཤས་སུ་གོ་སྒྲིག་བྱས་བ་ལྟར་ལྷ་སར་བསྐྱོད་པའི་གནས་ཚུལ་ཞིག་ཚེས་༤་ཉིན་སྤེལ་བའི་ནང་། ཕོ་བྲང་པོ་ཏཱ་ལར་གནས་མཇལ་བ་གཙོས་བསྐོར་ལམ་དུ་སྐོར་བ་བྱེད་མཁན་བོད་མིའི་སྔར་སྲོལ་བཞིན་ད་ལྟ་ཡང་གནས་ཡོད་ཀྱང་། དེ་ནི་རྒྱ་ནག་གི་མེ་སྒྱོགས་དང་ལྟ་སྟངས་ཁྱད་མཚར་བའི་ཡུལ་སྐོར་ལྗོངས་རྒྱུ་བས་མཐའ་ནས་བསྐོར་བའི་གནས་སྟངས་འོག་དད་པ་དང་གསོལ་བ་སྨོན་ལམ་འདེབས་ཀྱི་ཡོད་ཅིང་། ལོ་ངོ་གཅིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཕོ་བྲང་པོ་ཏཱ་ལའི་ཡང་སྟེང་དུ་རྒྱ་ནག་གི་དར་ཆ་དམར་པོ་བསྒྲེངས་ནས་འདུག་ལ། རྒྱ་ནག་གི་དར་ཆའི་འོག་བོད་མི་ཚོས་ཆོས་དད་བྱེད་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག
རྒྱ་ནག་གཞུང་གི་གོ་སྒྲིག་འོག་ཕྱི་གསར་འགོད་པ་བོད་ནང་ཁྲིད་པའི་ཐབས་ལམ་དེ་མ་གཏོགས་གཞན་ཕྱི་རྒྱལ་གསར་འགོད་པ་བོད་ནང་བསྐྱོད་པའི་ཐབས་ཤེས་གཞན་གང་ཡང་མེད་པས་ན། བོད་ནང་བྱུང་དང་བྱུང་པའི་གནས་ཚུལ་རིགས་དུས་ཐོག་འགོད་ཐབས་བྲལ་ཞིང་། རྒྱ་གཞུང་གིས་དམིགས་ཡུལ་ཡོད་པའི་སྒོ་ནས་འདི་ལྟ་བུའི་ཕྱི་རྒྱལ་གསར་འགོད་པ་བོད་དུ་བཏང་ནས། ཕྱི་ཚུལ་གྱིས་བོད་མི་ཚོར་ཆོས་དད་རང་དབང་ཡོད་པའི་རྣམ་པ་སྟོན་ཐབས་བྱེད་བཞིན་པ་རྒྱ་ནག་སྐོར་གྱི་གནད་དོན་དབྱེ་ཞིབ་པས་བརྗོད་ཀྱི་ཡོད་པ་གནས་ཚུལ་ནང་བཀོད་འདུག
ཡང་གོང་དུ་བརྗོད་པའི་ཕྱི་རྒྱལ་གསར་ཁང་དེའི་གསར་འགོད་པས་ལྷོ་ཁའི་ཕྱོགས་ཀྱི་སློབ་འབྲིང་ཞིག་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་རྒྱའི་སྤྱི་སྐད་སློབ་རྒྱུ་གལ་ཆེན་ཡིན་པ་དྲིལ་བསྒྲགས་བྱེད་ཀྱི་ཡོད་ལུགས་དང་། སློབ་ཕྲུག་ཚོའི་སློབ་སྦྱོང་གི་གནས་བབ་ལ་བལྟས་སྐབས་སློབ་མ་ཚོས་རྒྱའི་སྐད་ཡིག་དང་བོད་ཡིག་གཉིས་ཀ་སློབ་སྦྱོང་བྱེད་ཀྱི་འདུག་ཀྱང་ཕྱོགས་ཡོངས་ནས་བལྟས་ན། སློབ་ཕྲུག་འདི་དག་རྒྱའི་རིག་གཞུང་ནང་འཐིམ་ཚར་འདུག་ཅེས་གསལ་སྟོན་བྱས་འདུག སྐབས་དེར་མིང་བཤད་འདོད་མེད་པའི་ས་གནས་བོད་མི་ཁག་ཅིག་གིས་(EFE)་གསར་ཁང་ལ་གསུང་ན། རྒྱའི་སྐད་ཡིག་གཏན་འཇགས་ཀྱི་རྣམ་པར་འགྱུར་བཞིན་པ་ནི་ཧོན་འཐོར་དགོས་པ་རེད། འབྲེལ་ཡོད་དབང་འཛིན་པའི་ཕྱོགས་ནས་ཀྱང་འདི་ལྟར་མདུན་དུ་བསྐྱོད་རྒྱུ་ནི་ལམ་ཁ་ཉག་གཅིག་ཡིན་ལུགས་བརྗོད་ཀྱི་འདུག་ཅེས་འགྲེལ་བརྗོད་བྱས་འདུག།
གསར་འགོད་པ། བོད་རྒྱལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།