ནག་འབྲེལ་ངན་འབྲེལ་གྱི་ཁུངས་སྣེ་བསྡུ་རུབ་ཞེས་པའི་ལས་འགུལ་ནི་རྒྱ་ནག་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་ཚོ་རྩ་མེད་བཟོ་ཐབས་ཡིན་པ་ཉམས་ཞིབ་པ་ངོས་འཛིན་གནང་གི་འདུག

སྤྱི་ཟླ་༣པའི་ཚེས་༢༥ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱིས་ནག་འཇོམས་ངན་སེལ་བྱ་བའི་ཕན་འབྲས་ཁྱོན་ཡོངས་ནས་ཆེ་རུ་གཏོང་ཆེད། ནག་འབྲེལ་ངན་འབྲེལ་གྱི་ཁྲིམས་འགལ་ཉེས་གསོག་ཁུངས་སྣེ་བསྡུ་རུབ་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས་ཞེས་པ་ཞིག་སྤེལ་བའི་ནང་། ཆབ་སྲིད་ཁྱབ་ཁོངས་སུ་སིམ་འཛུལ་བྱེད་པའི་ནག་སྤྱོད་སྟོབས་ཤུགས་སོགས་ལ་རྡུང་རྡེག་གཏོང་རྒྱུ་ཡིན་སྐོར་བཀོད་ཡོད་པ་དང་། སི་པན་དུ་གནས་སྡོད་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་ནག་འབྲེལ་ཐེར་འདོན་ཞེས་པའི་ལས་འགུལ་དེ་ཆེད་དུ་བོད་ནང་གི་ཤེས་ཡོན་པ་དང་། རྒྱ་ནག་གཞུང་གི་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་མཁན་ཚོ་རྩ་མེད་བཟོ་ཐབས་ཤིག་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་སྤེལ་བའི་སྤྱི་བསྒྲགས་ཟེར་བར་དོན་ཚན་གསུམ་དང་ནང་གསེས་༢༠ ཡོད་པ་ལས། དང་པོ་དེ་ནག་འབྲེལ་གྱི་ཁུངས་སྣེ་འཚོལ་བསྡུ་བྱེད་པའི་ཁྱབ་ཁོངས་དང་། གཉིས་ལ་ཐེར་འདོན་བྱེད་ཐབས་དང་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་ཐབས། གསུམ་པ་དེ་ཐེར་འདོན་བྱེད་ཡུལ་ས་གནས་ཁག་གི་འབྲེལ་མཐུད་ཨང་གྲངས་བཅད་སྤྲད་ཡོད་པ་དང་། ནང་གསེས་དོན་ཚན་ཁག་གི་ནང་གཙོ་བོ་ཆབ་སྲིད་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེ་བ་དང་། ལྷག་པར་དུ་ལམ་ལུགས་ཀྱི་བདེ་འཇགས་དང་སྲིད་དབང་གི་བདེ་འཇགས་ལ་ཉེན་ཁ་ཆེ་ཞིང་ཆབ་སྲིད་ཁྱབ་ཁོངས་སུ་སིམ་འཛུལ་བྱེད་པའི་ནག་སྤྱོད་སྟོབས་ཤུགས་དང་། མངའ་ཁོངས་ཕྱིའི་ནག་ཚོགས་རྒྱལ་ཁོངས་སུ་ཡོང་ནས་སིམ་འཛུལ་བྱེད་པ་དང་། རྒྱལ་ཁོངས་ལས་བརྒལ་བའི་ནག་སྤྱོད་སྟོབས་ཤུགས། ཆོས་ལུགས་མི་སྣས་ཆོས་ལུགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྣ་ཚོགས་སྤེལ་པའི་ནག་སྤྱོད་སྟོབས་ཤུགས་གཙོས། སྤྱི་ཡོངས་ནས་མི་མང་གིས་སྲིད་ཀྱི་ནང་ཐེ་བྱུས་བྱེད་རིགས་ཚང་མ་ནག་སྤྱོད་སྟོབས་ཤུགས་ཡིན་སྐོར་སོགས་བཀོད་འདུག
ཡང་ཐེར་འདོན་བྱེད་མཁན་བྱུང་ཚེ་མི་སྣ་དེ་དང་དེའི་འབྲེལ་ཡོད་ཚང་མའི་བདེ་འཇགས་སྲུང་སྐྱོབ་གཞུང་ངོས་ནས་བྱ་རྒྱུ་དང་། ཐེར་འདོན་གནས་ཚུལ་མཐའ་གསལ་བྱུང་ཚེ་གཞུང་གི་གཏན་འབེབ་བཞིན་བྱ་དགའ་སྤྲོད་རྒྱུ་ཟེར་བ་ལས་བྱ་དགའ་ག་རེ་དང་ག་ཚོད་སྤྲོད་རྒྱུ་ཡིན་པ་གསལ་ཁ་མེད་པ་དང་། དེའི་ཐད་སངས་རྒྱས་སྐྱབས་ལགས་ཀྱིས་མུ་མཐུད་དུ་གསུངས་ན། རྒྱ་ནག་གཞུང་གིས་འདི་ལྟ་བུའི་ལས་འགུལ་སྤེལ་བཞིན་པ་དེས། བོད་མི་ནང་ཁུལ་འཆམ་མཐུན་དང་རྡོག་རྩ་གཅིག་སྒྲིལ་མི་ཡོང་ཆེད། ཕན་ཚུན་བྱ་དགའ་སྤྲོད་རྒྱུ་ཞེས་དངུལ་དངོས་ཀྱིས་བོད་པའི་སྤྱི་ཚོགས་ཀྱི་མཉམ་འབྲེལ་གྱི་གོང་བུ་གཏོར་ཐབས་དང་འབྲེལ། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་དང་ཆབ་སྲིད་ལ་སྤྱི་ཚོགས་ཁྲོད་ནས་དོགས་འདྲི་དང་ངོ་རྒོལ་སྐྱོན་བརྗོད་མི་ཡོང་བའི་ཐབས་ཤེས་བྱེད་བཞིན་པ་ཞིག་ཡིན་པ་བརྗོད་བྱུང་།
སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༩ལོ་ནས་བཟུང་། ནག་འཇོམས་ངན་སེལ་གྱི་འཐབ་རྩོད་སྤེལ་རྒྱུ་ནི་ཅི་ཞི་ཅིན་ཕིང་དང་རྒྱ་ནག་གཞུང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་སྐོར་བརྗོད་ནས། བོད་ཀྱི་ས་ཁུལ་གང་སར་ནག་འཇོམས་ངན་སེལ་ཞེས་པའི་ལས་འགུལ་དེ་སྤེལ་ཡོད་པ་བཞིན། ལས་འགུལ་དེའི་འོག་བོད་མི་མང་དག་ཅིག་འཛིན་བཟུང་དང་འདྲི་རྩད་རྡུང་རྡེག་གི་གནས་ཚུལ་བྱུང་ཡོད་པ་རེད་ལ། ཐེངས་འདིར་མཚོ་ལྷོ་ཁུལ་ལ་མཚོན་ན་ཆབ་ཆ་རྫོང་དང་ཁྲི་ཀ་རྫོང་། ཐུན་ཏེ་རྫོང་། མང་ར་རྫོང། གད་པ་སུམ་མདོ་རྫོང་། ཧང་ངེ་རྫོང་བཅས་རྫོང་ཁག་ལྔ་ཡོད་པ་ལས། རྫོང་ཁག་དེ་དག་ནི་བོད་ཀྱི་ས་ཁུལ་དང་བོད་རིགས་འདུས་སྡོད་ཀྱི་ས་གནས་རྐྱང་ཆགས་ཡོད་པ་རེད།
གསར་འགོད་པ། དཔལ་འབར།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།