རྒྱ་ནག་གཞུང་གིས་བོད་སྐྱོར་ལས་བྱེད་པར་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་པ་ནི་གཞི་རིམ་བོད་མི་མང་ཚོགས་སྟངས་འཛིན་བྱ་རྒྱུའི་ཆེད་དུ་ཡིན་པ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག
རྒྱ་ནག་གཞུང་གིས་བོད་ནང་གི་བོད་སྐྱོར་ལས་བྱེད་པ་ཟེར་བ་དང་འབྲེལ་ཡོད་གྲོང་ཁྱེར་དང་རྫོང་། ས་གནས་ཁག་གི་ལས་བྱེད་ལས་བཟོ་བ་ཚོར་བོད་སྐད་དང་བོད་ཡིག་སློབ་ཁྲིད་ཀྱི་ལས་གཞི་ཞིག་འགོ་བཙུགས་པའི་སྐོར་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་ཕྱི་ཟླ་དང་པོའི་ཚེས་༡༧ ཉིན་གནས་ཚུལ་སྤེལ་ནས། དེ་ནི་རྒྱ་ནག་གཞུང་གིས་བོད་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་། མི་རིགས་མཉམ་འདྲེས་བྱ་རྒྱུ་སོགས་ལ་སྐུལ་དེད་གཏོང་རྒྱུར་དམིགས་པ་ཞིག་ཡིན་ལུགས་བཀོད་འདུག
དེའི་ཐད་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲིས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བོད་སྐྱོར་ལས་བྱེད་པ་ཟེར་བ་ནི་རྒྱ་ནག་ནས་བོད་དུ་ཡོང་བའི་རྒྱ་རིགས་ལས་བྱེད་པ་ཡིན་པ་མ་གཏོགས་གོ་ཡུལ་གཞན་མེད་པ་ཞིག་ཡིན་པ་དང་། བོད་མིར་བོད་སྐད་སློབ་དགོས་དོན་མེད་ཅིང་། བོད་སྐྱོར་ལས་བྱེད་པ་ཡང་རིམ་པས་བོད་དུ་ལས་གནས་ཟིན་ནས་བསྡོད་མཁན་ཡོད་པའང་ར་སྤྲོད་གནང་བ་དང་ཆབས་ཅིག་རྒྱ་རིགས་ལས་བྱེད་པར་བོད་ཡིག་དང་བོད་སྐད་སློབ་སྦྱོང་སྤྲད་ནས་རྒྱ་སྐད་མ་ཤེས་པའི་བོད་ཀྱི་ཞིང་འབྲོག་ཁུལ་དུ་བོད་སྐད་ཀྱི་འབྲེལ་བའི་ཐོག་ནས་རྒྱ་ནག་གཞུང་གི་སྲིད་ཇུས་ཀྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་ཐུབ་རྒྱུའི་དམིགས་ཡུལ་ཞིག་ཏུ་གཟིགས་ཀྱི་ཡོད་པ་ངོ་སྤྲོད་གནང་བྱུང་།
རྒྱ་ནག་གི་གསར་འགྱུར་ནང་དུའང་བོད་སྐྱོར་ལས་བྱེད་པ་དང་ལས་བྱེད་ལས་བཟོ་བར་བོད་ཡིག་སློབ་ཁྲིད་ཀྱི་སྐབས་དང་པོའི་འཛིན་གྲྭར་ལས་བྱེད་པ་ལྔ་བརྒྱ་ལྷག་མཉམ་ཞུགས་བྱས་པའི་ནང་ནས་༢༠༠ནི་བོད་སྐྱོར་ལས་བྱེད་པ་ཡིན་པ་གསལ་པོ་བསྟན་ཡོད་པ་དང་། ༣༠༠ལྷག་ནི་འབྲེལ་ཡོད་ཀྱི་ཚན་པ་དང་། གྲོང་ཁྱེར་། རྫོང་། ས་ཁུལ་ཁག་གི་ལས་བྱེད་ལས་བཟོ་བ་ཡིན་ཞིང་། དུས་མཚམས་དང་པོའི་བོད་ཡིག་སློབ་ཁྲིད་ཀྱི་དུས་ཡུན་ནི་ཕྱི་ཟླ་༡༡ཟླ་དཀྱིལ་བར་དུ་གཟའ་འཁོར་རེར་ཐེངས་རེར་འཚོགས་རྒྱུ་དང་དེའི་རིང་ལ་རྨང་གཞིའི་བོད་ཡིག་ཀྱི་ཀ་མད་སུམ་ཅུ་ནས་འགོ་བཙུགས་ནས་ཁྲིད་རྒྱུ་དང་། ལྷ་སའི་ཁ་སྐད་དང་རྒྱུན་གཏན་འཚོ་བའི་ཁྲོད་བེད་སྤྱོད་ཡོད་པའི་བོད་སྐད་ཁག་ཅིག་ཁྲིད་རྒྱུ་རེད་འདུག
དུས་མཚམས་གཉིས་པའི་བོད་ཡིག་སློབ་ཁྲིད་ཀྱི་དུས་ཡུན་ནི་༢༠༢༥ལོའི་ལོ་དཀྱིལ་བར་ཚུགས་པའི་རིང་། བོད་སྐད་སྦྱོང་རྒྱུར་དགའ་མོས་ཡོད་པ་དང་བོད་ཡིག་གི་རྨང་གཞི་ཡོད་མཁན་ཚོར་འབྲིང་རིམ་འཛིན་གྲྭ་མུ་མཐུད་གཉེར་ནས་ཚང་མའི་འབྲི་ཀློག་གི་ནུས་པ་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཡོད་པ་བཤད་འདུག
བོད་ཀྱི་ཆབ་སྲིད་བཙོན་ཟུར་བོད་གནས་ཉམས་ཞིབ་པ་འཇམ་དཔལ་སྨོན་ལམ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བོད་ཀྱི་རྫོང་དང་ས་ཁུལ་ཁག་གི་གཞི་རིམ་ལས་བྱེད་པའི་ནང་རྒྱ་རིགས་ལས་བྱེད་པ་མང་དུ་གཏོང་རྒྱུ་དང་། རྒྱ་རིགས་ལས་བྱེད་པ་ཚོས་བོད་སྐད་བསྒྱུར་མི་དགོས་པའི་ཐོག་ཐད་ཀར་གཞི་རིམ་བོད་མི་མང་ཚོགས་སྟངས་འཛིན་བྱ་རྒྱུའི་ཆེད་དུ་དམིགས་པ་ཞིག་ཏུ་ངོས་འཛིན་གནང་གི་འདུག
ཡང་སི་པན་ནང་གནས་བཞུགས་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གི་བྱེད་ཐབས་དེ་ནི་ཆབ་སྲིད་དྲིལ་བསྒྲགས་དང་ལས་འགུལ་རང་བཞིན་གྱི་སྲིད་ཇུས་ཞིག་ཡིན་པ་ལས་བོད་ཀྱི་སྐད་ཡིག་ལ་མཐོང་ཆེན་བྱས་བ་ཞིག་མ་རེད་ཞེས་འགྲེལ་བརྗོད་གནང་བྱུང་།
སྤྱིར་རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭའི་ནང་བོད་ཕྲུག་ཚོར་བོད་ཡིག་སློབ་ཁྲིད་ཉུང་དུ་གཏོང་གི་ཡོད་པ་ཉེ་ཆར་ལྷ་སར་གནས་སྡོད་བོད་མི་ཞིག་གིས་ལྷ་སའི་ལྷ་ཀླུ་སློབ་ཆུང་དང་ལྷ་ས་སློབ་འབྲིང་སློབ་གྲྭ་སོགས་ནང་བོད་ཡིག་གི་སློབ་ཚན་དང་འཛིན་གྲྭ་ཉུང་དུ་བཏང་ནས་རྒྱ་ཡིག་འཛིན་གྲྭ་མང་དུ་བཏང་བ་མ་ཟད། ཆེད་དུ་རྒྱ་ཡིག་སློབ་ཁྲིད་བྱེད་མཁན་དགེ་རྒན་རྒྱ་ནག་ནས་ཆེད་གཏོང་བྱེད་ཀྱི་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད་པ་རེད།
རྒྱ་ནག་གཞུང་གིས་རྒྱ་ནག་གི་སྤྱི་སྐད་བོད་ནང་དུ་བེད་སྤྱོད་ཡོང་བར་ཤུགས་སྣོན་རྒྱག་བཞིན་པ་དང་ནི། ཉེ་ཆར་ལྷ་སར་ཚོགས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་༡༢པའི་ཚོགས་འདུ་ཐེངས་གཉིས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་༡༢པའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བའི་ཐོག་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བས་༢༠༢༤ལོར་ལག་བསྟར་བྱ་རྒྱུའི་ལས་དོན་སྙན་སྒྲོན་བྱས་པའི་ནང་། བོད་མི་རྣམས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རྒྱ་ཡིག་བེད་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། ལག་བསྟར་ཡོང་བ་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད།
དེ་བཞིན་རྒྱ་ནག་གི་སྲིད་འཛིན་(Xi Jinping)་གིས་ཕྱི་ཟླ་དང་པོའི་ཚེས་༡༦ཉིན་འདོན་སྤེལ་བྱས་པའི་བདེན་འཚོལ་ཟེར་བའི་དུས་དེབ་འདོན་ཐེངས་གཉིས་པའི་ཐོག དུས་རབས་གསར་པའི་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལག་བསྟར་བྱ་དགོས་པའི་སྐོར་གྱི་རྩོམ་ཡིག་ཞིག་སྤེལ་ཏེ། ཐེ་ཝན་དང་ཧོང་ཀོང་། (Macau)་གཙོས་པའི་མི་དམངས་ཀྱི་བློ་སེམས་འགུགས་ཐབས་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་གྱི་ནུས་པ་སྔར་བས་འདོན་སྤེལ་བྱ་རྒྱུ་དང་། ཐེ་ཝན་རྒྱ་ནག་དང་ཟླ་སྒྲིལ་ཡོང་ཐབས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་བཤད་ཡོད་པ་དེ་ནི། ད་རེས་ཀྱི་ཐེ་ཝན་གྱི་འོས་བསྡུ་དེའི་ཐོག་ནས་རྒྱ་ནག་ཕམ་ཉེས་ལྟ་བུ་བྱུང་སྟེ་ཐེ་ཝན་གྱི་འོས་བསྡུ་རྒྱ་ནག་གི་འདོད་པ་བཞིན་མ་བྱུང་བ་སོགས་ཀྱི་གནད་དོན་ཁག་ཅིག་ལ་བརྟེན་ནས་(Xi Jinping)་གིས་འཐབ་ཕྱོགས་གཅིག་འགྱུར་གྱི་སྲིད་ཇུས་ཐོག་ནུས་པ་བཏོན་རྒྱུའི་རྩོམ་ཡིག་དང་འབྲེལ་བ་ཞིག་གཟིགས་ཀྱི་ཡོད་པ་དང་། དམིགས་བསལ་ཧོང་ཀོང་དང་ཐེ་ཝན། མའ་ཁོ་སོགས་ནང་གི་འཐབ་ཕྱོགས་གཅིག་འགྱུར་གི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྲིད་ཇུས་དེའི་ཐོག་ནས་བོད་ནང་ལའང་དམ་དྲག་ཆེ་རུ་འགྲོ་སྲིད་པ་ཏཱ་ལའི་བླ་མའི་མཐོ་སློབ་ཁང་གི་ཀྱི་ལོ་རྒྱུས་སློབ་དཔོན་གཉན་ཐར་ཪྭ་ལགས་ཀྱིས་ངོས་འཛིན་གནང་གི་འདུག
(Xi JinPing)་གྱི་རྩོམ་ཡིག་དེའི་ནང་། རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ནི་དམར་ཤོག་ཚོགས་པ་སྤྱིའི་སྲིད་ཇུས་དང་ལམ་ཕྱོགས་གལ་ཆེ་ཞིག་ཡིན་པ་དང་། ཧོང་ཀོང་དང་། ཐེ་ཝན། མའ་ཁོ་བཅས་ཀྱི་མི་སེམས་འགུགས་ཐབས་བྱེད་པའི་འཐབ་ཕྱོགས་གཅིག་འགྱུར་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་མ་ཟད་། ཐེ་ཝན་ནང་རྒྱལ་གཅེས་རིང་ལུགས་དང་རྒྱ་ནག་གཅིག་གྱུར་གྱི་སྟོབས་ཤུགས་གོང་འཕེལ་དང་རྒྱ་སྐྱེད་གཏོང་རྒྱུ་དང་། ཕྱིའི་རྒྱལ་ཁབ་ནང་གི་དམར་ཤོག་ཚོགས་པའི་འཐུས་མིའི་སྐུ་ཚབ་མི་སྣའི་དཔུང་ཁག་མང་དུ་གཏོང་བའི་ལས་དོན་ཐོག་ནས་དམར་ཤོག་ཚོགས་པར་མཉམ་ལས་བྱེད་མཁན་གྱི་དམར་ཚོགས་པའི་ཕྱི་སྡོད་འཐུས་མིའི་མི་སྣ་ཁག་གསོ་སྐྱོང་ལེགས་པོ་ཡོང་བར་འབད་བརྩོན་བྱ་རྒྱུ་ཡིན་པ་བཤད་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།