རྒྱ་ནག་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བཅའ་ཁྲིམས་གཏན་འབེབས་བྱས་ནས་ལག་བསྟར་བྱེད་འགོ་ཚུགས་འདུག
དེ་ཡང་ཕྱི་ལོ་༢༠༢༤ལོའི་ཕྱི་ཟླ་༡ཚེས་༡ཉིན་རྒྱ་ནག་གཞུང་གིས་ཆེད་དུ་སློབ་ཕྲུག་དང་སློབ་ཕྲུག་གི་ནང་མི་ཚོར་དམིགས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ཟེར་བ་དངོས་སུ་ལག་བསྟར་བྱས་ཡོད་པ་བཞིན། སྔར་ལོའི་ཕྱི་ཟླ་༡༢ནང་རྒྱ་ནག་དམར་ཤོག་ཚོགས་པའི་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་ཁང་དང་། སློབ་གསོ་ཁང་། དྲྭ་རྒྱ་དོ་དམ་ལྷན་ཁང་དང་རིག་གནས་ཡུལ་སྐོར་ལྷན་ཁང་སོགས་ནས། རྒྱལ་གཅེས་སློབ་གསོ་ཞེས་པ་ལག་བསྟར་བྱེད་ཕྱོགས་ཐད་ཚོགས་འདུ་ཚོགས་ཡོད་པ་རེད་ལ། བོད་ནང་གི་འབྲེལ་ཡོད་ཅིག་ནས་ཕྱི་ལོ་༢༠༢༠ལོ་ནས་བཟུང་། རྒྱ་ནག་གཞུང་གིས་བོད་རིགས་འདུས་སྡོད་ས་ཁུལ་དུ་གཏན་འབེབས་བྱས་པའི་ལྗོངས་ཞིང་ལྔའི་མཉམ་འབྲེལ་སློབ་དེབ་ཁག་ནང་། རྒྱ་ནག་དམར་ཤོག་ཚོགས་པའི་བསམ་བློ་ཆབ་སྲིད་དང་། རྒྱ་ནག་དམར་ཤོག་ཚོགས་པར་བྱས་རྗེས་ཅན་གྱི་དམག་མི་སོགས་ཀྱི་སྐོར་བཅུག་ཏེ། སློབ་ཁྲིད་ཀྱི་ནང་དོན་བརྒྱ་ཆ་༧༠་རྒྱལ་གཅེས་སློབ་གསོ་ཟེར་བས་བཟུང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་གྱིས་བཏོན་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ཟེར་བའི་ནང་། སློབ་གྲྭ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པའི་གཡུལ་ས་གལ་ཆེན་ཞིག་རེད། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ནང་རིམ་པ་ཁག་དང་ལས་རིགས་ཁག་གི་སློབ་གྲྭས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། བསམ་བློ་དང་ཆབ་སྲིད་ཀྱི་རིག་པའི་གཞུང་ལུགས་ཀྱི་སློབ་ཚན་ཡག་པོ་གཉེར་བ་དང་ཡག་པོ་ཁྲིད་དགོས་པའི་གཏན་འབེབས་བྱས་ཡོད་སྐོར་བཀོད་འདུག་ལ། བོད་ཀྱི་སྤྱི་ཚོགས་རིག་པའི་འབུམ་རམས་པ་དང་བོད་ནང་གི་སློབ་གསོའི་སྐོར་ལ་ཉམས་ཞིབ་པ་རྒྱལ་ལོ་ལགས་ནས། དེ་སྔ་བོད་ནང་ལྟ་བུར་མཚོན་ན་རྒྱལ་གཅེས་སློབ་གསོ་ཞེས་པ་སློབ་ཁྲིད་ཙམ་ལས་ཁྲིམས་བཟོས་མེད་པ་དང་། མ་འོངས་པར་ཁྲིམས་ལུགས་སྒང་ནས་བོད་ནང་ལག་བསྟར་བྱེད་སྐབས། བོད་ཀྱི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་ན་གཞོན་ཚོར་བོད་ལ་ཞེན་ཁོག་ཡོད་པ་ཉམས་ཉེས་སུ་གཏོང་ཐབས་ཀྱི་ཉེན་ཁ་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཟེར་བ་དེ་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༣ལོའི་ཕྱི་ཟླ་༡༠་ནང་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་དང་འབྲེལ་ངོ་སྤྲོད་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དམིགས་འབེན་ནི། རྒྱ་ནག་གི་ལོ་རྒྱུས་ངོས་ལེན་མེད་པ་དང་རྒྱལ་ཁབ་ཀྱི་ཆིག་བསྒྲིལ་ལྟ་བ་ལ་ཁ་གཏད་འགྲན་རྩོད་བྱེད་མཁན་ལ་གདོང་ལེན་བྱེད་ཆེད་ཡིན་སྐོར་བརྗོད་ཡོད་པ་རེད། རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གིས་མི་རིགས་ཞེས་ངོས་འཛིན་དང་དབྱེ་མཚམས་གང་ཡང་མེད་པར། ཚང་མར་བཙན་ཐབས་ཀྱིས་རྒྱལ་གཅེས་སློབ་གསོ་ཞེས་པ་ལག་བསྟར་བྱས་པ་ཡོད་པ་དང་། དེ་ལྟར་བྱེད་དགོས་དོན་གཙོ་བོ་རྒྱ་ནག་ནང་ཁུལ་གྱི་མི་རིགས་ཁག་དང་རྒྱལ་སྤྱིའི་སྟེང་ནས། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལ་ཉེན་ཁ་ཡོང་གི་ཡོད་པས་ཡིན་པ་འགྲེལ་བརྗོད་གནང་གི་འདུག
སྔར་ལོ་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་སྟེང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཁྲིམས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནང་ཁྲིམས་གཞི་ཞིག་གཏན་འབེབས་དང་འབྲེལ། ཕྱི་ལོ་༢༠༢༤ལོའི་ཕྱི་ཟླ་༡ཚེས་༡ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་ཡོད་པ་ཁྱབ་བསྒྲགས་བྱས་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༣ལོར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་རྒྱལ་གཅེས་སློབ་གསོ་སྤེལ་གནས་ཞེས། བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་གནས་ཡུལ་རྙིང་པ། བོད་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འཐུས་མིའི་གཞུང་ལས་ཁྲུའུ་ཡི་གནས་ཡུལ་རྙིང་པ། མཚོ་བོད་གཞུང་ལམ་འཛུགས་སྐྲུན་ལེགས་གྲུབ་ཟིན་པའི་དྲན་གསོའི་རྡོ་རིང་། སེང་གེ་ཁ་འབབ་ཀྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་། ཐའེ་ཀྲའོ་གནའ་གྲོང་གི་ལོ་རྒྱུས་གནའ་ཤུལ་ཁང་རྒྱལ་གཅེས་སློབ་གསོ་སྤེལ་གནས་སུ་དངོས་སུ་སྤྱོད་འགོ་ཚུགས་ཡོད་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
གསར་འགོད་པ། དཔལ་འབར།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།