བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་གཞོན་པར་ཡང་རྒྱ་མི་ཞིག་གསར་བསྐོ་བྱས་འདུག

2023.01.11
བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་གཞོན་པར་ཡང་རྒྱ་མི་ཞིག་གསར་བསྐོ་བྱས་འདུག ཝེ་ཞིའུ་ཀྲང་(韦秀长)་དང་ཞུའུ་ཀྲི་ཐའོ་(徐志涛)་གཉིས།
སྒྲིག་བཟོ།

དེ་ཡང་སྤྱི་ཟླ་དང་པོའི་ཚེས་༩ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཚོགས་འདུ་ཐེངས་ཞེ་བཞི་པའི་ཐོག་གྲོས་འཆམ་བྱུང་ནས། བོད་རང་སྐྱོང་ལྗོངས་ཟེར་བའི་དཔོན་རིགས་ཀྱི་གོ་གནས་༦ཙམ་ཕྱིར་འཐེན་བྱས་པ་དང་། གོ་གནས་གཉིས་གསར་དུ་བསྐོ་བཞག་བྱས་ཡོད་པའི་པའི་ཁོངས་སུ། བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་མཐོ་ཤོས་གྲས་སུ་རྒྱ་རིགས་ཡིན་པ་དཔལ་འབྱོར་རིག་པའི་འབུམ་རམས་པ་ཝེ་ཞིའུ་ཀྲང་(韦秀长)་དང་། མན་ཇུ་མི་རིགས་ཡིན་པ་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་སྡེ་ཚན་༧པ་བོད་དོན་ནམ་མི་རིགས་ཆོས་ལུགས་སྡེ་ཚན་གྱི་འགན་འཛིན་གྱི་ལས་འཁུར་ཞུས་མཁན་ཞུའུ་ཀྲི་ཐའོ་(徐志涛)་གཉིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་འམ་འགོ་ཁྲིད་གཞོན་པར་བསྐོ་བཞག་བྱ་རྒྱུ་ཡིན་པ་རྒྱ་ནག་གཞུང་འབྲེལ་མི་དམངས་དྲ་བས་ཕྱི་ཚེས་༡༠ཉིན་ཕྱིར་བསྒྲགས་བྱས་འདུག སྤྱིར་བཏང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་བསྐོ་བཞག་བྱེད་པའི་སྐབས། དེའི་སྔོན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་དེ་བཞིན་མང་ཆེ་བ་རྒྱ་མི་རིགས་བསྐོ་བཞག་བྱེད་ཀྱི་ཡོད་པ་དང་། མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་འམ་འགོ་ཁྲིད་དང་འགོ་ཁྲིད་གཞོན་པ་མང་ཆེ་བ་བོད་རིགས་བསྐོ་བཞག་བྱེད་པ་རེད། གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲིས་ལགས་ཀྱིས་གསུངས་ན། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཐོག་ཤུགས་སྣོན་འཕར་མ་རྒྱག་རྒྱུའི་འཆར་གཞི་འཛིན་པ་དང་། བོད་ཀྱི་གནད་དོན་འདི་རྒྱ་ནག་དབུས་གཞུང་གིས་གལ་གནད་ཆེན་པོར་རྩིས་པའི་མཚོན་རྟགས་སུ་ངོས་འཛིན་གནང་གི་འདུག
བོད་ནང་རྒྱ་ནག་གཞུང་གིས་འགོ་ཁྲིད་ཀྱི་གོ་གནས་ཕྱིར་འཐེན་དང་གསར་བསྐོ་བྱས་བའི་ཁྲོད་ཁྱོན་བསྡོམས་གོ་གནས་དྲུག་ཕྱིར་འཐེན་བྱས་བའི་ཁྲོད་བོད་མི་༥དང་རྒྱ་མི་རིགས་གཅིག་ཡོད་ཅིང་། གསར་བསྐོའི་ཁོངས་སུ་བོད་མི་གཅིག་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་དཔོན་གཞོན་པར་མིང་འདོན་བྱས་འདུག
རྒྱ་ནག་གཞུང་གིས་སྔ་རྗེས་སུ། བོད་ནང་དུ་སྲིད་གཞུང་གི་དཔོན་རིགས་གལ་གནད་ཆེ་བའི་ཁོངས་སུ་རྒྱ་རིགས་མང་བ་བསྐོ་གཞག་བྱེད་ཀྱི་ཡོད་པའི་གནས་ཚུལ་རིམ་པར་ཐོན་བཞིན་ཡོད་པ་དཔེར་ན། སྔ་ལོའི་ཕྱི་ཟླ་༡༠ཚེས་༡༩ཉིན་དེ་སྔ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་བྱས་མྱོང་མཁན་ཝང་ཅོན་ཀྲེན་(Wang Junzheng)་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་པའི་རྗེས། ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་དང་སྤྱི་ཁྱབ་པ་གཞོན་པ་བཅས་ལས་སྣེར་མི་གྲངས་༡༥བསྐོ་གཞག་བྱས་ཡོད་པའི་ཁོངས་སུ་བོད་མི་བཞི་ལས་བསྐོ་གཞག་བྱས་མེད་པ་ནི། བོད་ནང་ལོ་རབས་༧༠དང་༨༠འི་ནང་བོད་མི་མང་པོ་ཞིག་གཞུང་གི་གོ་གནས་ཆེ་ཁག་ཏུ་བསྐོ་གཞག་བྱེད་ཡོད་པ་དེར་འགྱུར་བ་ཆེན་པོ་བཏང་པ་ཡིན་པ་བོད་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་ཡོད་ལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་དེ་སྔ་ཡིན་ན་བོད་ནང་དབང་ཆ་ཡོད་པའི་འགོ་ཁྲིད་དང་ལས་བྱེད་ཁྲོད་དེ་ཙམ་མངོན་གསལ་མེད་པའི་ཐོག་ནས་རྒྱ་མི་རིགས་ཀྱིས་དབང་ཆ་བཟུང་ཡོད་། ད་ཆ་མངོན་གསལ་དོད་པོ་བྱེད་བཞིན་པ་ནི་དེར་འགྱུར་བ་སོང་བའི་རྣམ་པ་ཞིག་ཡིན་པར་ངོས་འཛིན་གནང་གི་འདུག


གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎