རྒྱ་མི་ཨོསི་ཊརེ་ལི་ཡའི་མི་སེར་ཡིན་པ་ཞིག་རྒྱ་ནག་གི་བཙོན་ཁང་ནང་འཆི་སྐྱོན་གྱི་ཉེན་ཁའི་གནས་སུ་ཡོད་འདུག

དེ་ཡང་(AFP)་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནང་སྐྱེས་ཤིང་ཨོསི་ཊརེ་ལི་ཡའི་(Australia)་མི་སེར་ཡིན་པའི་རྩོམ་པ་པོ་(Yang Jun)་ལ་རྒྱ་ནག་གཞུང་གིས་གསང་བའི་སྒོ་ནས་འདྲི་གཅོད་བྱས་ཏེ་གསང་མྱུལ་གྱི་ཉེས་མིང་འོག་༢༠༡༩ལོ་ནས་བཟུང་བཙོན་འཇུག་བྱས་ཡོད་པ་དང་། ཕྱི་ཕྱོགས་ནས་ཁོང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ཡིན་ན་ཡང་ད་ལྟ་ཡཱང་ཅོན་ནམ་ཡཱང་ཧིན་ཅོན་གྱི་མཁལ་མའི་ནང་སྐྲན་ནད་བྱུང་ཡོད་པ་དང་འཕྲོད་བསྟེན་གནས་སྟངས་སྐྱོ་བོར་གྱུར་ཡོད་འདུག
གཟའ་ཟླ་བར་ཁོང་གི་གྲོགས་པོ་ཞིག་གིས་བརྗོད་པ་ལྟར་ན། གལ་ཏེ་ཡཱང་ཅོན་ལ་སྨན་བཅོས་ཀྱི་མཐུན་རྐྱེན་མ་ཐོབ་པ་ཡིན་ན། ཁོང་བཙོན་ཁང་དུ་འཆི་སྐྱོན་གྱི་ཉེན་ཁ་ཡོད་པ་བརྗོད་འདུག
ཉེ་ཆར་ཡཱང་གིས་ཁོའི་གྲོགས་པོ་དང་རྒྱབ་སྐྱོར་བ་ཚོར་འཕྲིན་ཐུང་ཞིག་བཏང་པའི་ནང་། གལ་ཏེ་ངའི་བདེ་ཐང་ཐད་དོན་དག་བྱུང་ནས་འདིར་འཆི་སྐྱོན་བྱུང་བ་ཡིན་ན། ཕྱི་རོལ་གྱི་མིས་གནས་ཚུལ་ངོ་མ་ཤེས་མི་སྲིད། གལ་ཏེ་ང་ལ་དོན་རྐྱེན་ཞིག་བྱུང་བ་ཡིན་ན། སུས་ངའི་དོན་དུ་སྐད་ཆ་བཤད་ཐུབ་ཀྱི་རེད་དམ་ཞེས་བྲིས་ཡོད་འདུག
གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།