རྒྱ་ནག་གི་སྲིད་འཛིན་ཁྲིན་ཏུའུ་གྲོང་ཁྱེར་དུ་ཡོང་འཆར་ཡོད་པར་ས་གནས་སུ་དམ་དྲག་ཇེ་ཆེར་གཏོང་བཞིན་འདུག
ཁྲིན་ཏུའུ་གྲོང་ཁྱེར་རུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་འཚམས་འདྲིའི་ལྟ་སྐོར་དུ་མ་འབྱོར་གོང་ཙམ་ནས་རྒྱ་ནག་གཞུང་གིས་ས་གནས་སུ་ཕྱོགས་ཡོངས་ནས་དམ་དྲག་བྱེད་ཤུགས་ཇེ་ཆེར་གཏོང་བཞིན་པ་དང་། དེ་ནི་གཙོ་བོ་ཉེ་བའི་ཆར་དྲྭ་ལམ་དུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་བསྡུར་སྐབས་ངོ་རྒོལ་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་བྱས་པའི་གནས་ཚུལ་བྱུང་བ་སོགས་ཀྱི་རྐྱེན་གྱིས་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ས་གནས་ནས་གནས་ཚུལ་ལག་ཐོབ་བྱུང་པ་བརྒྱུད་ཤེས་རྟོགས་བྱུང་ཡོད། དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རེས་གཟའ་པ་སངས་ཉིན་ཁྲིན་ཏུའུ་གྲོང་ཁྱེར་དུ་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་སྒོ་འབྱེད་མཛད་སྒོའི་ཐོག་མཉམ་ཞུགས་བྱ་རྒྱུ་ཡིན་པ་དང་བསྟུན། དྲྭ་ལམ་ཁག་ཏུ་སྔ་ལོའི་སྤྱི་ཟླ་༡༡པའི་ནང་བྱུང་བའི་རྒྱ་ནག་གི་ཤོག་དཀར་གསར་བརྗེའི་ལས་འགུལ་དང་འབྲེལ་བའི་ངོ་རྒོལ་ལས་འགུལ་རིགས་སྤེལ་དགོས་པར་སྐུལ་འདེད་ཀྱི་གནས་ཚུལ་རིགས་ཐོན་པ་དང་འབྲེལ་ནས། ཁྲིན་ཏུའུ་གྲོང་ཁྱེར་ནང་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་ལས་དོན་སྤེལ་ནས་ས་གནས་སུ་ཁྱོན་ཡོངས་ནས་དམ་དྲམ་བྱེད་ཤུགས་ཇེ་ཆེར་གཏོང་བཞིན་ཡོད་པ་རེད།
དེའི་ཐད་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་གནས་སྡོད་མིང་དངོས་བརྗོད་འདོད་མེད་པའི་བུད་མེད་ཞིག་གིས་གསུང་ན། ཁྲིན་ཏུའུ་ས་གནས་གཞུང་གི་ངོས་ནས་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་དེའི་སྐབས་སུ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་མི་ཐུབ་པའི་ཆེད་དུ་ཁྱོན་ཡོངས་ནས་དམ་དྲག་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་། ཁོང་ཚོས་ད་དུང་ལས་འགུལ་དེ་རིགས་ཐོན་རྒྱུར་དངངས་སྐྲག་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག
གཞན་ཡང་ས་གནས་སུ་ཡོད་པའི་(Wang Mazi)་ཞེས་པའི་ཐབ་ཆས་དངོས་པོ་རིགས་འདྲ་མིན་ཚོང་གཉེར་བྱེད་མཁན་གྱི་ཚོང་ཁང་ཞིག་གིས་ཀྱང་། སྤྱི་ཚོགས་དྲྭ་ལམ་དུ་སྐབས་འཕྲལ་གྲི་དང་ཇེམ་ཙེ་རིགས་ཚོང་མི་ཆོག་པའི་བཀག་སྡོམ་བྱས་ཡོད་པ་བཀོད་འདུག་ལ།
དེ་མིན་དྲ་ལམ་ནས་ཉོས་པའི་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་སྤྱི་གཉེར་ཁང་ཞིག་གིས་ཀྱང་སྐད་འཕྲིན་ཚོགས་པ་བརྒྱུད་གསལ་བསྒྲགས་བྱས་པའི་ནང་། མེ་འབར་སླ་བའི་སྣུམ་དང་། དེ་མིན་དོགས་གཞི་ཅན་གྱི་དངོས་རྫས་རིགས་སྐྱེལ་འདྲེན་བྱེད་རྒྱུར་བཀག་སྡོམ་བྱས་ཡོད་པ་བཀོད་འདུག
དེ་སྔ་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་གཙང་སེལ་གྱི་དམ་དྲག་ལས་འགུལ་སྤེལ་ནས་མི་དམངས་ཀྱི་འགྲོ་འོང་ཡོངས་སུ་བཀག་སྡོམ་བྱས་ཏེ་དཀའ་ངལ་ཚད་མེད་བཟོས་པའི་གནས་སྟངས་འོག་མི་དམངས་འུ་ཐུག་ནས་སྔ་ལོའི་སྤྱི་ཟླ་༡༡པའི་ནང་། ཤོག་དཀར་གསར་བརྗེའི་ལས་འགུལ་ཞེས་པ་འགོ་འཛུགས་ཀྱིས་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིན་སྲིད་འཛིན་གྱི་གོ་གནས་ནས་མར་ཕབ་དགོས་པའི་དགོས་འདུན་བཏོན་ནས་རྒྱ་ནག་གི་ས་གནས་མང་པོར་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།