རྒྱ་ནག་གཞུང་གིས་གསར་འགོད་པ་ཚོར་རྒྱལ་ཞེན་ཡོད་མེད་ལྟ་ཆེད་ཡིག་རྒྱུགས་ལེན་རྒྱུ་ཡིན་འདུག

2023.01.13
རྒྱ་ནག་གཞུང་གིས་གསར་འགོད་པ་ཚོར་རྒྱལ་ཞེན་ཡོད་མེད་ལྟ་ཆེད་ཡིག་རྒྱུགས་ལེན་རྒྱུ་ཡིན་འདུག པེ་ཅིང་དུ་ཚོགས་ཆེན་སྐབས་རྒྱ་ནག་གི་གསར་འགོད་པ་ཁག་ཅིག ༡༠།༢༠།༢༠༢༣
AP

རྒྱ་ནག་གཞུང་གིས་གསར་འགོད་པ་ཚོར་བཙན་ཤེད་བཏང་སྟེ་ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་རྒྱ་ནག་ལ་རྒྱལ་ཞེན་ཡོད་མེད་ལྟ་ཞིབ་ཆེད་ཡིག་ཚད་གཏོང་དུ་འཇུག་རྒྱུ་དང་། གལ་ཏེ། ཡིག་ཚད་རྒྱུག་མ་འཕྲོད་ཚེ་གསར་འགོད་པའི་ལག་ཁྱེར་ཡོད་པ་ཁག་ཕྱིར་བསྡུ་བྱ་རྒྱུ་ཡིན་འདུག དེ་ཡང་ཕྱི་ཚེས་༡༢ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་༧ཚེས་༡ཉིན་ནས་བཟུང་གསར་ལམ་ཁག་ནང་ལས་ཀ་བྱེད་མཁན་དང་གསར་འགྱུར་མཁོ་སྒྲུབ་སོགས་བྱེད་མཁན་མི་སུ་འདྲ་ཞིག་ཡིན་རུང་། གསར་འགོད་པའི་ལག་ཁྱེར་ཐོབ་ཕྱིར་ངེས་པར་དུ་ཡིག་ཚད་གཏོང་དགོས་སྐོར་སྔ་ལོའི་ཕྱི་ཟླ་༡༢པའི་ཚེས་༣༠ཉིན་རྒྱ་ནག་གཞུང་གིས་གསར་ལམ་ཁག་ཐོག་སྟངས་འཛིན་བྱེད་མཁན་རྒྱ་ནག་རྒྱལ་ཡོངས་ཀྱི་གསར་ལས་ཁང་དང་དཔེ་བསྐྲུན་འཛིན་སྐྱོང་ཁང་གིས་བཀོད་ཁྱབ་གཅིག་བཏང་འདུག་ལ། གསར་ལམ་ཁག་ནང་ལས་ཀ་བྱེད་འདོད་ནས་གསར་འགོད་པའི་ལག་ཁྱེར་ཐོབ་རྒྱུའི་སྙན་ཞུ་ཕུལ་མཁན་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་གྱི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་ཚུལ་ཁག་ལ་སྦྱང་བརྩོན་བྱེད་དགོས་པ་མ་ཟད། དེ་དག་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་དོན་དང་། སྲིད་ཇུས། ཆབ་སྲིད་གཞིར་བཟུང་ལག་ལེན་བསྟར་དགོས་སྐོེར་སོགས་གོང་ཞུས་བཀོད་ཁྱབ་བཏང་བ་དེའི་ནང་བཀོད་འདུག
ཡང་དེའི་སྔོན་གསར་འགྱུར་མཁོ་སྒྲུབ་བྱེད་སྐབས་གནས་ཚུལ་ལྷག་པ་དེ་རིགས་ཀྱི་ཟིན་ཐོ་ཡོད་མཁན་ཚོར་ཡིག་ཚད་གཏོང་རྒྱུའི་ནང་ཞུགས་འཇུག་རྒྱུ་མིན་སྐོར་ཡང་བཤད་འདུག
རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་དེང་དུས་ཀྱི་གནད་དོན་སྐོར་དཔྱད་ཞིབ་ཀྱི་གཏམ་བཤད་སྤེལ་མཁན་གསར་འགོད་པ་(Hua Po)་ཡིས། རྒྱ་ནག་གཞུང་གིས་གསར་འགོད་པ་ཚོར་སྤྲད་པའི་ལག་ཁྱེར་དེ་ལོ་ལྔ་ཡི་རིང་ལ་མ་གཏོགས་སྤྲོད་ཀྱི་མེད་པས་ན། གསར་འགོད་པ་ཚོ་ལོ་ལྔ་རེའི་མཚམས་སུ་ཡིག་ཚད་རེ་གཏོང་དགོས་ཆགས་རྒྱུ་ཡིན་པ་དང་། དེ་ནི་གཙོ་བོ་གསར་འགོད་པ་ཚོའི་ཐོག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་ཐབས་ཞིག་ཡིན་སྐོར་བརྗོད་འདུག
ཡང་མིང་འདོན་བྱེད་འདོད་མེད་པའི་གསར་འགོད་པ་ཞིག་གིས། རྒྱ་ནག་གཞུང་ནས་གསར་འགོད་པ་ཚོའི་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་དང་། མ་འོངས་པར་ད་དུང་ཡང་གནས་སྟངས་ཇེ་སྡུག་ཏུ་འགྲོ་ཉེན་ཡོད་པ་དེ་ནི་གསར་འགོད་པ་ཚོར་མཚོན་ན་ཡིད་སྐྱོའི་གནས་ཚུལ་ཞིག་རེད། ད་ཆ་གསར་འགོད་པ་ཚོས་རང་ལ་རྒྱ་ནག་གཞུང་གིས་དགྲ་ཤ་ལེན་པའི་ཞེད་སྣང་འོག་དངོས་ཡོད་བདེན་པའི་གནས་ཚུལ་ཁག་ཤོད་ཐུབ་རྒྱུ་མིན་སྐོར་བརྗོད་འདུག
ཧྥ་རན་སིའི་རྒྱལ་ས་པེ་རིསུ་ནང་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ཀྱིས། ད་ལྟའི་ཆར་རྒྱ་ནག་ནང་གསར་འགོད་པ་༡༡༠བཙོན་འཇུག་བྱས་ཡོད་པས་ན་རྒྱ་ནག་ནི་འཛམ་གླིང་ནང་ནས་གསར་འགོད་པ་མང་ཤོས་བཙོན་འཇུག་བྱེད་མཁན་གྱི་རྒྱལ་ཁབ་སྡུག་ཤོས་དེ་ཡིན་སྐོར་ཕྱི་ལོ་༢༠༢༢ལོའི་ལོ་འཁོར་སྙན་ཐོའི་ནང་བཀོད་གནང་འདུག
ཡང་ཐེ་ཝན་ནང་གནས་བཞུགས་རྒྱ་ནག་གཞུང་དང་ལྟ་སྤྱོད་ཐ་དད་འཛིན་མཁན་(Gong Yujian)་ལགས་ཀྱིས། སྲིད་དོན་ཚོགས་པ་གཅིག་གི་སྒེར་གཅོད་དབང་འཛིན་བྱས་པའི་འོག་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་མེད་པ་དང་། རྣམ་དཔྱོད་ལྡན་པའི་གསར་འགོད་པ་སུ་འདྲ་ཞིག་ཡིན་རུང་། དེ་འདྲའི་ལམ་ལུགས་འོག་ཡུན་གནས་ཐུབ་རྒྱུ་མིན་སྐོར་འགྲེལབརྗོད་གནང་ཡོད་པའི་གནས་ཚུལ་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎