ཁ་མཆུ་ཨང་༢༠་པའི་གྱོད་དོན་ཐད་ཞིབ་གཅོད་ཉན་ཞིབ་ཐེངས་ལྔ་པ་གནང་འདུག
2019.08.02

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་༢༠་པའི་དངོས་དོན་དྲུག་པ་དང་འབྲེལ་བའི་ཞིབ་གཅོད་ཉན་ཞིབ་ལྔ་པ་ཚོགས་གནང་སོང་།
ཕྱི་ལོ་༢༠༡༩ ཟླ་བརྒྱད་པའི་ཚེས་༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། ཁ་མཆུ་ཨང་༢༠་མ་ཉེས་ཁག་གཡོག་གི་དངོས་དོན་བརྒྱད་དང་ཁྲིམས་དོན་གཉིས་ཀྱི་ཁོངས་ནས་ད་རེས་དངོས་དོན་དྲུག་པ་ཞུ་རྩ་ཨང་༤་༩་༤ བོད་ཀྱི་ཐེབས་རྩའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་དང་འབྲེལ་བའི་ཐོག་ཡིན་ཞིང་། ཞུ་སྦྱོར་བ་ཨ་རིའི་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་བོད་ཀྱི་ཐེབས་རྩས་རྩིས་བསུབ་མ་བཏང་བར་དུ་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་རྩིས་ཁྲའི་ནང་སྤྲོད་བསྡད་གསལ་དགོས་ཀྱི་མ་རེད་དམ་ཞེས་ཞུས་པ་ལས། རྩིས་ཞིབ་སྙན་ཐོའི་ནང་བཀོད་དགོས་ཀྱི་རེད་ཅེས་ཚིག་ཐག་ཆོད་པོས་རྩ་བ་ནས་ཞུས་མེད་ཅེས་དང་། དེ་ལྟར་བརྗོད་ལུགས་གསུངས་པ་དེ་ནི་མ་ཉེས་ཉེས་འཛུགས་གནང་བ་ཞིག་རེད་ཅེས་ཞུས་པར། དེར་རྩོད་ལེན་པའི་་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཀྱིས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་ཕྱིར་སློག་མ་དགོས་པ་དང་། བུ་ལོན་ཡིན་པའི་ཀུན་སློང་ཙམ་ཡང་མེད་པར་བརྟེན་སྤྲོད་བསྡད་གསལ་དགོས་ཀྱི་མེད་པ་མ་ཟད་མ་འོངས་པར་ཁྲིམས་ཀྱི་དཀའ་ངལ་ཡོང་ཉེན་མེད་ཅེས་ངོས་ལེན་གནང་མེད་པ་དང་། ད་དུང་གནད་དོན་འདི་རྩིས་ཞིབ་པར་ནན་བརྗོད་གནང་ཡོད་ལུགས་གསུངས་པར། ཞུ་སྦྱོར་བས་རྩིས་ཞིབ་པར་ནན་བརྗོད་གནང་ཡོད་ཅེས་པ་དེ་རྩོད་ལན་པས་ཁུངས་སྐྱེལ་བྱ་རྒྱུ་འཁོད་ཡོད་པར་སོང་། ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་རྩོད་ལན་པའི་ཁྲིམས་རྩོད་པར་ཁུངས་སྐྱེལ་བྱ་རྒྱུ་གསུངས་སྐབས། རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཀྱིས་སྦརཱ་སེལསྀ་རུ་འཚོགས་པའི་སྐུ་ཚབ་དོན་གཅོད་ཁག་གི་ཚོགས་འདུའི་སྐབས། སྲིད་སྐྱོང་མཆོག་གིས་ད་ལྟའི་ཞུ་སྦྱོར་བ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་སུ་ས་ཡ་གཅིག་དང་ཕྱེད་ཀ་དེ་བུ་ལོན་མིན་པའི་སྐོར་གསལ་བཤད་གནང་བའི་རྗེས་སུ་འང་། གོང་རིམ་གྱི་བཀའ་ལ་ཆ་འཛིན་མ་གནང་བར་གནད་དོན་འདིའི་སྐོར་རྩིས་ཞིབ་པར་ནན་བརྗོད་གནང་བ་དེ་ལས་བྱེད་པ་ཞིག་གིས་འགྲིག་མེད་པ་ཞིག་རེད་ཞེས་འགྲེལ་བརྗོད་གནང་བར། ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ཀྱིས་ཐོག་མ་ཉིད་ནས་དངུལ་དེ་ཕྱིར་སློག་བྱེད་དགོས་པ་ཞིག་ཡིན་མིན་སྐོར་ཞུས་མེད། ཡུལ་ཁྲིམས་ཐོག་ནས་མ་འོངས་པར་དཀའ་ངལ་མ་འཕྲད་པ་ཞིག་དང་། སྒྲིག་འཛུགས་སྲུང་སྐྱོབ་ཆེད་དུ་དངོས་ཡོད་གནས་སྟངས་ཞུས་པ་ཞིག་ལས་སྲིད་སྐྱོང་མཆོག་ལ་བརྩི་བཀུར་མ་ཞུས་པ་མིན་ཞེས་གསལ་བཤད་གནང་ཡོད་པ་རེད།
དེ་ནས་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་རྩོད་ལན་པའི་དཔང་པོ་རྩིས་ཞིབ་པ་བསྟན་འཛིན་ཤེས་ལྡན་ལགས་བཀའ་འགུག་གནང་སྟེ། ཁོང་གིས་སྐབས་དེའི་གནས་ཚུལ་ཁྲིམས་ཞིབ་ཁང་དུ་ཡིག་ཐོག་ཕུལ་བ་ཁག་སྙན་སྒྲོན་གནང་འགྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱིས་གཏོང་ལན་ཁྲིམས་ཡིག་དང་། ཕྱོགས་བསྡོམས་མ་དངུལ་ནང་ཚུད་ཚར་བའི་དངུལ་འབོར་ཞིག་དང་ཕྱོགས་གཞན་ཞིག་ནས་ཡུལ་ཁྲིམས་ཐོག་ནས་གན་ཡིག་ཡོད་པའི་འགལ་ཟླའི་གནས་སྟངས་སྐོར་ཟུར་དུ་མཆན་བཀོད་བྱས་ཡོད་མེད་འདྲི་རྩད་གནང་པར་རྩིས་ཞིབ་ཁང་གི་ལས་བྱེད་པ་བསྟན་འཛིན་ཤེས་ལྡན་ལགས་ཀྱིས་དེ་ལྟར་བྱུང་མེད་ལུགས་འབྲེལ་བརྗོད་གནང་ཡོད་པ་རེད།
དེ་ནས་ཉིན་རྒྱབ་ཞུ་རྩ་ཨང་༤་༩་༤་ནང་གསེས་ཁ་པའི་ནང་ས་ཡ་གཅིག་དང་ཕྱེད་ཀ་དེ་གནང་སྦྱིན་རོགས་དངུལ་ཡིན་པ་ལས་བུ་ལོན་མིན་ཞེས་པ་རྩོད་ལན་པས་ཁུངས་སྐྱེལ་བྱ་རྒྱུ་གསལ་བར། རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཀྱིས་གན་ཡིག་དེ་བོད་ཀྱི་ཐེབས་རྩའི་དགོས་དབང་ཆེད་བཞག་པ་ཞིག་ཡིན་པ་ལས་དངུལ་ཕྱིར་སློག་བྱེད་དགོས་པ་ཞིག་མིན་ཞེས་གསལ་བཤད་གནང་བར། ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་འཛིན་ག་རེ་གནང་མིན་ལ་མ་ལྟོས་པར་ཨ་རིའི་ཁྲིམས་ཀྱི་ཐོག་ནས་བུ་ལོན་ཡིན་པ་ཞིག་ཆགས་ཡོད་པར་སོང་། མ་འོངས་པར་ཡུལ་ཁྲིམས་ཀྱི་དཀའ་ངལ་མི་འཕྲད་པའི་ཆེད་དུ་ཞུས་པ་ཡིན་ཞེས་གསལ་བཤད་གནང་ཡོད་པ་རེད།