ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་མུ་མཐུད་དུ་རྒྱབ་སྐྱོར་ཡོད་པ་གསུང་འདུག


2020.07.21
ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇིམ་མེཀ་གྷོ་ཝན་(Jim McGovern)་ལགས་དང་ཐུག་འཕྲད་སྐབས། ༢༠༢༠།༧།༢༠ ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇིམ་མེཀ་གྷོ་ཝན་(Jim McGovern)་ལགས་དང་ཐུག་འཕྲད་སྐབས། ༢༠༢༠།༧།༢༠
CATA/FB

བོད་ཀྱི་ཆབ་སྲིད་བཙོན་ཟུར་རྟའུ་བློ་བཟང་སྦྱིན་པ་ལགས་ཀྱིས་ཨ་རིའི་རྒྱལ་སར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིར་ཐུག་འཕྲད་ཀྱིས་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་བོད་དོན་ཞུ་གཏུག་བྱས་འདུག
ཆབ་སྲིད་བཙོན་ཟུར་རྟའུ་བློ་བཟང་སྦྱིན་པ་ལགས་ཀྱི་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་འདི་ཚེས་༡༩་ཉིན་ཨ་རིའི་རྒྱལ་ས་ནས་མཇུག་སྒྲིལ་བ་དང་། ཚེས་༢༠་ཉིན་ཁོང་གིས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་། ཨ་མི་རི་ཀའི་ཊོམ་ལེན་ཊོསུ་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་ཇིམ་མེཀ་གྷོ་ཝན་(Jim McGovern)་ལགས་དང་ཐུག་འཕྲད་བྱས་ནས། ད་ལྟའི་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་མཉམ་བོད་དོན་རྒྱབ་སྐྱོར་དགོས་བའི་རེ་སྐུལ་ཞུས་ཡོད་པ་དང་། སྐབས་དེར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇིམ་མེཀ་གྷོ་ཝན་( Jim McGovern)་ལགས་ཀྱིས་ཁོང་གི་བོད་དོན་ལས་འགུལ་ལ་བསྔགས་བརྗོད་དང་མཉམ། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཚེ་མེད་ཞི་བདེ་དང་། དྲང་བདེན་སྐྱོང་བའི་དབུ་ཁྲིད་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་རྗེས་འབྲངས་པ་བོད་མི་ཚོར་དྲག་རྩུབ་ཀྱི་སྲིད་ཇུས་འཛིན་བཞིན་པ་ནི་མ་འོས་བ་ཞིག་ཡིན་པས། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ངོས་ནས་མུ་མཐུད་དུ་བོད་མི་དང་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་ངེས་ཡིན། ང་ཚོ་ནམ་ཡང་ཁྱེད་ཚོའི་རྒྱབ་དུ་ཡོད་ཅེས་གསུང་ཡོད་པ་རེད།
རྟའུ་བློ་བཟང་སྦྱིན་པ་ལགས་ཀྱིས། སྐབས་དེར་ད་ལྟའི་བོད་ནང་གི་གནས་སྟངས་དང་། ལྷག་དོན་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས། དེ་བཞིན་ད་ཐེངས་ཨ་རིའི་ནང་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་བྱས་བའི་དམིགས་ཡུལ་ནི། རྒྱ་གཞུང་གིས་བཙན་ཁྲིད་བྱས་བའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ཡབ་ཡུམ་དགེ་རྒན་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཚོ་གློད་གྲོལ་ཡོང་ཆེད་དང་། འདས་པའི་ལོ་བཅུའི་ནང་བོད་ནང་གི་བོད་མི་༡༥༤་ཡིས་རང་ལུས་མེར་སྲེག་གནང་ནས་རྒྱ་གཞུང་གིས་བོད་ཀྱི་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ། ཉེ་བའི་ལོ་ཤས་ནང་ཁོང་གི་ཕ་ཡུལ་རྟའུ་ས་ཁུལ་དུ། རྒྱ་ནག་གཞུང་གིས་བོད་མི་འཛིན་བཟུང་གིས་ཁྲིམས་ཐག་བཅད་ཡོད་པ། ཉ་མཚོ་དགོན་པའི་དགེ་འདུན་པ་ངག་དབང་དང་། བྱང་ཆུབ་རྡོ་རྗེ། ཚེ་དབང་ཆོས་འཕེལ། བཀྲ་ཤིས་ཆོས་དབྱངས། བྱམས་པ་དགེ་ལེགས། བུད་མེད་ཆག་ལེན་སོགས་ལ་ཚད་གཞི་མི་འདྲ་བའི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་ཡོད་པའི་གནས་སྟངས་བཅས་ངོ་སྤྲོད་དང་མཉམ། ཨ་མི་རི་ཀའི་གཞུང་དམངས་གཉིས་ཀྱིས་བོད་ཀྱི་གནད་དོན་ཐད་དོ་སྣང་དང་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་འབོད་སྐུལ་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎