ཨ་རིའི་སན་ཧྥི་རན་སེསི་ཀོའི་རྒྱ་ནག་གི་དོན་གཅོད་ལས་ཁུངས་ནང་རླངས་འཁོར་གྱི་རྒོལ་རྡུང་མཁན་དེ་རྒྱ་མི་ཞིག་རེད་འདུག

དེ་ཡང་སྤྱི་ཟླ་༡༠་པའི་ཚེས་༩་ཉིན། ཨ་རིའི་སན་ཧྥི་རན་སེསི་ཀོའི་རྒྱ་ནག་གཞུང་ཚབ་ཡན་ལག་དོན་གཅོད་ལས་ཁུངས་ནང་རླངས་འཁོར་བརྡབ་ནས་རྒོལ་རྡུང་གཏོང་མཁན་དེ་ནི་ལོ་ན་༣༡ལ་སླེབས་པའི་རྒྱ་མི་སྐྱེས་པ་མིང་ལ་(Yang Zhuanyuan)་ཡིན་པ་(Reuters)་གསར་ཁང་གིས་གནས་ཚུལ་སྤེལ་འདུག་ལ། དེ་ནི་སན་ཧྥི་རན་སེསི་ཀོའི་དབུས་སྨན་བཅོས་བརྟག་དཔྱད་ཁང་གིས་སྤྱི་ཚེས་༡༢་ཉིན་ངོ་རྟགས་ཟིན་པ་གཏན་འཁེལ་བྱུང་བ་ལས། དེ་མིན་གྱི་གནས་ཚུལ་ཁ་གསལ་གང་ཡང་བརྗོད་མེད་པ་གསལ་འདུག
རླངས་འཁོར་གྱིས་རྒོལ་རྡུང་བཏང་བའི་དོན་རྐྱེན་དེ་བྱུང་བ་དང་། ཉེན་རྟོག་པ་འབྱོར་ནས་མི་དེ་ལ་མེ་མདའ་བརྒྱབ་ཡོད་པ་དང་། མི་དེ་ཉིན་དེའི་དགོང་མོ་ཕྱི་ཙམ་ལ་སྨན་ཁང་ནང་འདས་གྲོངས་སུ་ཕྱིན་ཡོད་འདུག རྒོལ་རྡུང་སྐབས་མི་དེིར་མེ་མདའ་ཡོད་མེད་ས་གནས་སུ་ཡོད་པའི་གནས་ཚུལ་དངོས་སུ་མཐོང་མཁན་ཚོར་བཤད་ཚུལ་འདྲ་མིན་ཡོད་ན་ཡང་། དངོས་སུ་མཐོང་མཁན་ཁག་ཅིག་གིས་རྒོལ་རྡུང་བྱེད་མཁན་དེས་སྐབས་དེར་རྒྱ་ནག་དམར་ཤོག་གང་དུ་ཡོད་ཅེས་སྐད་འབོད་བྱས་སོང་བ་བརྗོད་འདུག
སན་ཧྥི་རན་སེསི་ཀོའི་(San Francisco Standard)་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སན་ཧྥི་རན་སེསི་ཀོའི་ཉེན་རྟོག་པས་རྒོལ་རྡུང་གཏོང་མཁན་དེས་གྲི་དང་མདའ་གཞུ་འཁྱེར་ཡོད་པ་བརྗོད་ཡོད་འདུག
སན་ཧྥི་རན་སེསི་ཀོའི་རྒྱ་ནག་གཞུང་ཚབ་ཡན་ལག་དོན་གཅོད་ཁང་གིས་བརྡ་ཐོ་བཏང་བའི་ནང་། དོན་གཅོད་ལས་ཁུངས་ཀྱིས་ཚེས་༡༢་ནས་ལས་དོན་བསྐྱར་གསོ་བྱེད་ཀྱི་ཡོད་པ་དང་། ནང་དུ་ཡོང་མཁན་ཚོས་བདེ་འཇགས་བརྟག་དཔྱད་ལ་ངོས་ལེན་གྲ་སྒྲིག་བྱེད་དགོས་པ་བརྗོད་འདུག
གསར་འགོད་པ། ཆོས་སྐྱིད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།