ཨ་རིའི་སན་ཧྥི་རན་སེསི་ཀོའི་རྒྱ་ནག་གི་དོན་གཅོད་ལས་ཁུངས་ནང་རླངས་འཁོར་ཞིག་བརྡབ་འདུག

2023.10.10
ཨ་རིའི་སན་ཧྥི་རན་སེསི་ཀོའི་རྒྱ་ནག་གི་དོན་གཅོད་ལས་ཁུངས་ནང་རླངས་འཁོར་ཞིག་བརྡབ་འདུག ཨ་རིའི་སན་ཧྥི་རན་སེསི་ཀོའི་རྒྱ་ནག་གི་དོན་གཅོད་ལས་ཁུངས་ནང་རླངས་འཁོར་ཞིག་བརྡབ་སྐབས། ༡༠།༠༩།༢༠༢༣
AP

དེ་ཡང་འདི་ཚེས་༩གཟའ་ཟླ་བའི་ཉིན། ཨ་མི་རི་ཀའི་གྲོང་ཁྱེར་སན་ཧྥི་རན་སེསི་ཀོའི་(San Francisco)་ནང་གི་རྒྱ་ནག་གཞུང་ཚབ་ཡན་ལག་དོན་གཅོད་ལས་ཁུངས་ནང་། གློ་བུར་རླངས་འཁོར་ཞིག་འཛུལ་ནས་བརྡབ་སྟེ་ལས་ཁུངས་ནང་ཟང་ཟིང་བཟོས་ཡོད་པ་དང་། ཉེན་རྟོག་པས་རླངས་འཁོར་ཁ་ལོ་བར་མེ་མདའ་བརྒྱབ་དགོས་བྱུང་ནས། རྗེས་སུ་སྨན་ཁང་དུ་འདས་གྲོང་སུ་ཕྱིན་པ་འབྲེལ་ཡོད་དཔོན་རིགས་ཞིག་གིས་གསར་ལམ་ཁག་ལ་འགྲེལ་བརྗོད་བྱས་འདུག ཡིན་ན་ཡང་ཉེན་རྟོག་པས་མེ་མདའ་རྒྱབ་པའི་དོན་རྐྱེན་ཇི་ལྟར་བྱུང་ཡོད་མེད་དང་། ཁ་ལོ་བ་དེར་མཚོན་ཆ་ཡོད་མེད་སོགས་ཞིབ་བརྗོད་བྱས་མེད་པ་མ་ཟད། དོན་རྐྱེན་དེའི་སྐབས་མི་ལ་རྨས་སྐྱོན་ཕོག་ཡོད་མེད་སོགས་གསལ་སྟོན་བྱས་མེད་པ་དང་། གནད་དོན་དེའི་ཐད་ཉེན་རྟོག་ཕྱོགས་ཀྱིས་ས་གནས་མངའ་སྡེ་ལྷན་ཁང་དང་རྒྱ་ནག་གི་གཞུང་ཚབ་ཁང་གི་རྟོག་ཞིབ་མི་སྣ་བཅས་དང་མཉམ་ལས་བྱེད་བཞིན་ཡོད་འདུག
རྒྱ་ནག་གཞུང་ཚབ་ཁང་གིས་གསལ་བསྒྲགས་སྤེལ་ནས། དོན་རྐྱེན་དེ་རྩད་གཅོད་དང་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་དགོས་པའི་རེ་སྐུལ་བྱས་འདུག་ལ། དེ་བཞིན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Wang Wenbin)་གྱིས་ཀྱང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་ཚབ་ཁང་གི་ཚིག་དེ་བསྐྱར་བཟློས་བྱས་འདུག འོན་ཀྱང་གཞུང་ཚབ་དོན་གཅོད་ཁང་ལ་གཏོར་སྐྱོན་ཕོག་པའམ་ལས་བྱེད་མི་སྣར་རྨས་སྐྱོན་ཕོག་པའི་གནས་ཚུལ་གང་ཡང་བཤད་མི་འདུག
ཨ་རིའི་སན་ཧྥི་རན་སེསི་ཀོའི་རྒྱ་ནག་གཞུང་ཚབ་དོན་གཅོད་ཁང་དེར་ཐེངས་མང་པོར་ཕར་རྒོལ་གྱི་གནས་ཚུལ་བྱུང་མྱོང་ལ། དེའི་ནང་ཚབས་ཆེ་ཤོས་ནི་༢༠༡༤ལོའི་རྒྱ་ནག་གི་ལོ་སར་སྐབས་རྒྱ་རིགས་སྐྱེས་པ་ཞིག་གིས་མེ་རྒྱབ་པ་དེ་ཡིན་པ་དང་། མི་དེ་ལ་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཅད་ཡོད་འདུག
གནས་ཚུལ་ལྟར་ན། ཟླ་རྗེས་མར་ཨ་རིའི་སན་ཧྥི་རན་སེསི་ཀོ་རུ་ཨེ་ཤེ་ཡ་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་ཚོགས་འདུ་འཚོགས་འཆར་ཡོད་པ་དང་། དེར་ཨ་རིའི་སྲིད་འཛིན་གཙོས་འཛམ་གླིང་གི་རྒྱལ་ཁབ་ཁག་གི་འགོ་ཁྲིད་མང་པོ་མཉམ་ཞུགས་གནང་འཆར་ཡོད་ཀྱང་། ད་ལྟའི་ཆར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་མཉམ་ཞུགས་བྱ་མིན་གསལ་ཁ་མེད་པ་རེད།


གསར་འགོད་པ། མཁའ་འགྲོ་དབྱངས་འཛོམས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎