ཧོང་ཀོང་ས་གནས་སྲིད་གཞུང་གི་ཁྲིམས་བཟོའི་འོས་བསྡུ་བྱེད་རྒྱུ།
2008.09.06
༄༅༎ཧོང་ཀོང་ས་གནས་སྲིད་གཞུང་གི་ཁྲིམས་བཟོའི་འོས་བསྡུའི་དྲིལ་བསྒྲགས་རྒྱ་ཆེ་བྱེད་བཞིན་པ་དང་རེས་གཟའ་ཉི་མའི་ཉིན་ས་ཁུལ་ཡོངས་ལ་འོས་བསྡུ་བྱེད་ཀྱི་ཡོད་པ་རེད་ ཧོང་ཀོང་མི་མང་ལ་མང་གཙོའི་ལམ་སྲོལ་དང་ ས་གནས་སྲིད་གཞུང་ལ་ས་གནས་གྲོས་ཚོགས་ནས་བལྟ་ཞིབ་ནན་པོ་བྱེད་དགོས་ཀྱི་ཡོད་ན་ མི་མང་ཚོས་འོས་བསྡུའི་ལས་རིམ་ནང་བཞུགས་ཏེ་འོས་ཤོག་འཕེན་དགོས་པ་ཡིན་ཞེས་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ ཨོ་ཌིརི་ལུ་ ཡིས་གསུངས་གནང་འདུག ཧོང་ཀོང་ནང་ལས་གླ་དང་ ཤེས་ཡོན་སློབ་སྦྱོང་ ཡུལ་དུས་རིན་ཐང་བཅས་ཀྱི་གནད་དོན་གལ་ཆེར་འཛིན་ཏེ་མང་གཙོའི་བཅོས་བསྒྱུར་སྐོར་བསམ་ཞིབ་བྱེད་མཁན་ཇེ་ཉུང་དུ་ཕྱིན་ཡོད་པ་རེད་ ད་ལྟའི་ཧོང་ཀོང་ས་གནས་གྲོས་ཚོགས་ནང་འཐུས་མིའི་གདན་གྲངས་དྲུག་ཅུ་ཡོད་པ་ནས་ཕྱེད་ཀ་མི་མང་གིས་ཐད་ཀར་འོས་ཤོག་འཕེན་ཏེ་འོས་འདེམས་བྱེད་ཀྱི་ཡོད་པ་དང་ དེ་འཕྲོས་རྣམས་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་འོས་བསྡུའི་ཚོགས་ཆུང་ནས་བསྐོ་བཞག་བྱེད་ཀྱི་ཡོད་པ་རེད་ སྔར་ལོ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ནང་ཚུད་ཧོང་ཀོང་ས་གནས་འཛིན་སྐྱོང་སྤྱི་ཁྱབ་པ་མི་མང་ནས་ཐད་ཀར་འོས་བསྡུ་བྱ་རྒྱུ་དང་ ཕྱི་ལོ་༢༠༢༠ ལོ་ཙམ་ལ་ཁྲིམས་བཟོའི་འཐུས་མི་ཡོངས་རྫོགས་མི་མང་ནས་ཐད་ཀར་འོས་འདེམས་བྱ་རྒྱུའི་སྐོར་གསལ་བསྒྲགས་བྱས་ཡོད་པ་རེད་
དེར་བརྟེན་ཐའེ་ལྦན་མང་གཙོ་དོན་གཉེར་བ་ཚོར་མང་གཙོའི་བཅོས་བསྒྱུར་དང་འབྲེལ་བའི་རྩ་དོན་དྲིལ་བསྒྲགས་བྱ་རྒྱུ་མེད་པར་འགྱུར་ཡོད་སྟབས་འདི་ལོའི་འོས་བསྡུའི་ནང་དེ་སྔ་གདན་གྲངས་ ༢༦ འཐོབ་ཡོད་པ་ནས་ཉུང་མཐར་གདན་གྲངས་ལྔ་སྐོར་རྒྱ་ནག་གི་ཕྱོགས་གཏོགས་ཚོགས་པར་ཤོར་ཉེན་ཡོད་པ་རེད་ ཧོང་ཀོང་ནང་མི་འབོར་ས་ཡ་བདུན་ཙམ་ཡོད་པ་ནས་ཕྱེད་ཙམ་ལ་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་ཡོད་པ་རེད༎