བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་ངོ་སྤྲོད།
2011.02.14
༄༅༎བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་ལས་ཁུངས་ཀྱི་འཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་ཨོསི་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་ཚོགས་མི་རྣམས་ལ་བོད་ཀྱི་དལྟའི་འཁོར་ཡུག་གི་གནས་བབ་སྐོར་སྙན་སེང་གནང་ཡོད་པ་རེད་ བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་འཁོར་ཡུག་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་ད་ཐེངས་ཀྱི་ཨོས་སི་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་མཇལ་མོལ་དེ་ཨོས་སི་ཀྲོ་ལི་ཡའི་ནང་ཡོད་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་Australia Tibet Councilདང་ཨོསི་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད་
བསྟན་འཛིན་ནོར་བུ་ལགས་ཀྱིས་ཨོས་སི་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པར་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་འབྲོག་པ་རྣམས་བཙན་དབང་ཐོག་རང་གི་ཕ་མེས་ཀྱི་སྡོད་ཡུལ་ནས་ས་གནས་གཞན་ཁག་ལ་གནས་སྤོས་དང་བོད་ནང་གཏེར་ཁ་གང་བྱུང་བསྔོག་འདོན་དེ་བཞིན་བོད་འདི་བཞིན་འཛམ་གླིང་གི་མཐོ་སྒང་གསུམ་པ་ལྟར་ཆུའི་སྣོད་ཅིག་ལ་ངོས་འཛིན་ཐོབ་པ་བཞིན་འཁོར་ཡུག་གི་གནད་དོན་དེ་དག་ཐོག་བློ་ཚབ་ཡོད་སྐོར་སྙན་སེང་གནང་ཡོད་པ་རེད་ ཁོང་གིས་གོང་ཞུས་བོད་ནང་གི་འཁོར་ཡུག་གི་དཀའ་ངལ་དེ་དག་སེལ་ཆེད་ཨོས་སི་ཀྲོ་ལི་ཡའི་གཞུང་ཕྱོགས་ནས་རྒྱ་ནག་གཞུང་གི་བོད་ཀྱི་འཁོར་ཡུག་ཐོག་འཛིན་པའི་ནོར་འཕྲུལ་ཅན་གྱི་སྲིད་བྱུས་འདི་དག་ཐོག་འགྱུར་བ་གཏོང་རྒྱུར་འབོད་བསྐུལ་གནང་དགོས་སྐོར་གསུང་འདུག དེ་བཞིན་བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་ཀྱི་དལྟའི་འཁོར་ཡུག་གི་གནས་བབ་སྐོར་ཨོས་སི་ཀྲོ་ལི་ཡའི་ཕྱི་སྲིད་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དང་འཁོར་ཡུག་ཚོགས་ཆུང་བཅས་པའི་ཚོགས་མི་རྣམས་ལ་སྙན་སེང་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་པ་རེད་ དེ་བཞིན་ཁོང་གིས་ཨོསི་ཀྲོ་ལི་ཡའི་མེལ་སྦོན་གྲོང་ཁྱེར་གྱི་Victoria Naturally Allianceཞེས་པའི་འཁོར་ཡུག་གི་ཚོགས་པ་དེའི་ཚོགས་མི་རྣམས་ལའང་བོད་ཀྱི་དལྟའི་འཁོར་ཡུག་གི་དཀའ་ངལ་དེ་དག་འགྲེལ་བརྗོད་གནང་རྒྱུའི་གོ་སྐབས་ཐོབ་གནང་བར་ཚོགས་མི་དེ་དག་གིས་རང་ནུས་གོང་ཡོང་ཐོག་རོགས་རམ་གནང་རྒྱུའི་ཁས་ལེན་ཡང་བྱུང་ཡོད་པ་རེད་