ཁྲིམས་གཏུག་ཁྱབ་ཚད་ཐོག་འགྱུར་བ་གཏོང་འཆར།
2013.12.18
སི་པན་ཁྲིམས་ཁང་གིས་ཉེས་ཅན་ཚོར་ཉེས་འཛུགས་བྱེད་རྒྱུའི་འཛམ་གླིང་ཀུན་ཁྱབ་ཀྱི་ཁྲིམས་གཏུག་ཁྱབ་ཚད་ལ་འགྱུར་བ་གཏོང་འཆར་ཡོད་འདུག
དེ་ཡང་གནས་ཚུལ་ལྟར་ན། སི་པན་རྒྱལ་ཁབ་ཀྱི་ཁྲིམས་ཁང་གིས་འགྲོ་བ་མིའི་ཐོག་ནག་ཉེས་བཟོ་མཁན་ཚོར་ཉེས་འཛུགས་བྱེད་ཆོག་པའི་འཛམ་གླིང་ཀུན་ཁྱབ་ཀྱི་ཁྲིམས་གཏུག་ཁྱབ་ཚད་དེ་ཐོག་བསྒྱུར་བཅོས་གཏོང་རྒྱུའི་གྲོས་གཞི་ཞིག་གྲ་སྒྲིག་བྱེད་བཞིན་པ་དང་། བསྒྱུར་བཅོས་གཙོ་བོ་དེ་གང་ཟག་གྱོད་ཡ་དེ་ལ་སྡུག་སྦྱོང་དངོས་སུ་མྱོང་པའི་སྐབས་སུ་སི་པན་རྒྱལ་ཁབ་ཀྱི་མི་སེར་ཡིན་དགོས་པ་ལས། དེའི་རྗེས་སུ་སི་པན་གྱི་མི་སེར་ཆགས་པ་ཡིན་ན་ཁྲིམས་ལུགས་དེའི་ཁྱབ་ཚད་མེད་པ་བཟོ་རྒྱུའི་འཆར་གཞི་ཡིན་འདུག
གནས་སྟངས་འདིས་ད་ལྟའི་སི་པན་གྱི་མི་སེར་ཡིན་པ་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་རྒྱ་ནག་གི་དཔོན་རིགས་ཁག་གཅིག་ཁྲིམས་གཏུག་བྱས་བ་ཕྱིར་འཐེན་དགོས་རྒྱུ་ཆགས་སྲིད་པ་དང་། དེ་ནི་གཙོ་བོ་ཉེ་སྔོན་སྤྱི་ཟླ་༡༠ཚེས་༩ཉིན་སི་པན་གྱི་ཆེ་མཐོའི་ཁྲིམས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙི་མིན་དང་། སྲིད་བློན་ཟུར་པ་ལེ་ཕིན་སོགས་རྒྱ་ནག་གི་ཆེ་མཐོའི་དཔོན་རིགས་ཁག་ལ་བོད་མི་རིགས་རྩ་བརླག་གཏོང་བའི་སྲིད་ཇུས་སྤེལ་བ་ཁྲིམས་ཐོག་ནས་ཉེས་འཛུགས་ཕྱི་བསྒྲགས་བྱས་བའི་རྗེས་སུ། རྒྱ་ནག་གཞུང་གིས་སི་པན་ལ་གནོན་ཤུགས་ཆེན་པོ་སྤྲད་པ་ལས་བྱུང་བ་ཞིག་ཡིན་པ་དང་། ཕྱི་ཟླ་༡༢ ཚེས་༡༢ཉིན་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དང་། སི་པན་གྱི་དཔོན་རིགས་བར་མཇལ་འཕྲད་སྐབས་རྒྱ་ནག་གཞུང་གིས་སི་པན་གཞུང་ལ་དེའི་ཐོག་ཆབ་སྲིད་ཀྱི་ཐབས་ལམ་ཞིག་འཚོལ་རྒྱུའི་དགོས་འདུན་བཏོན་ཡོད་པ་རེད་འདུག
གསར་འགོད་པ་རྡོ་རྗེ་དགྲ་འདུལ།