རྒྱ་ནག་གིས་སྐྱོན་བརྗོད་དང་གསལ་བཤད་དགོས་ཟེར།
2013.11.20
སི་པན་ཁྲིམས་ཁང་གིས་རྒྱ་ནག་གི་དཔོན་རིགས་ཟུར་བ་ལྔ་འཛིན་བཟུང་བཀའ་རྒྱ་བཏང་བ་ལ་རྒྱ་ནག་གིས་སྐྱོན་བརྗོད་དང་གསལ་བཤད་དགོས་ལུགས་བརྗོད་འདུག
དེ་ཡང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་Hong Lei ཡིས་རྒྱ་ནག་གི་དཔོན་རིགས་འགོ་ཁྲིད་ཟུར་པ་ཁག་ཅིག་འཛིན་བཟུང་བྱ་རྒྱུའི་ཐད་སི་པན་ཁྲིམས་ཁང་གིས་བཀའ་རྒྱ་བཏང་བ་མཐོང་སོང་། ང་ཚོས་དེ་མ་ཐག་སི་པན་གི་གཞུང་འཛིན་དཔོན་རིགས་ཚོར་གནད་དོན་དེའི་ཐད་གསལ་བཤད་དགོས་པའི་བརྡ་ལན་བཏང་ཡོད་ཅེས་དང་། མགྲིན་ཚབ་པས་ གལ་ཏེ་གནས་ཚུལ་དེ་བདེན་པ་ཡིན་ན། རྒྱ་ནག་གིས་ངོས་ལེན་རྩ་བ་ནས་མེད་ལ། སི་པན་ཁྲིམས་ཁང་གི་ཐག་གཅོད་དེར་སྐྱོན་བརྗོད་མཐའ་ཅིག་དུ་ཡོད། སི་པན་གྱི་གཞུང་འཛིན་མི་སྣ་ཚོས་རྒྱ་ནག་དང་སི་པན་གྱི་འབྲེལ་ལམ་ལ་གནོད་སྐྱོན་འགྲོ་གཞིའི་ལས་དོན་རིགས་འཕྲལ་དུ་མཚམས་འཇོག་བྱེད་དགོས་ཀྱི་རེད་ཅེས་ཐ་ཚིག་བསྒྲགས་འདུག
སི་པན་རྒྱལ་ཁབ་ཀྱི་མི་སེར་ཡིན་པའི་བོད་མི་དམངས་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སྣེ་ཁྲིད་དེ་བོད་ཀྱི་ཆབ་སྲིད་བཙོན་པ་སྟག་སྣ་འཇིགས་མེད་བཟང་པོ་ལགས་དང། སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་བཅས་ཁག་ཅིག་གིས་Spainཁྲིམས་ཁང་དུ་དེ་སྔ་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧོ་ཅིན་ཐོ་དང་། ཅིང་ཙེ་མིན་གཙོས་པའི་རྒྱ་ནག་གི་འགོ་ཁྲིད་ལྔ་ཡིས་དབང་ཆ་འཛིན་པའི་སྐབས་བོད་ནང་དུ་བོད་མི་རིགས་རྩ་མེད་བཟོ་ཐབས་ཀྱི་བྱ་སྤྱོད་ལག་བསྟར་བྱས་བའི་ཉེས་སྤྱོད་ཞུ་གཏུགས་བྱས་པ་མ་ཟད། ལྷག་དོན་སྲིད་འཛིན་ཟུར་པ་ཧོ་ཅིན་ཐོ་ཡིས་དེ་སྔ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་པའི་རིང་བོད་མི་རིགས་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱས་པའི་ནག་ཉེས་ཁྲིམས་གཏུགས་བྱས་ཡོད་ཅིང་། ད་བར་ཁྲིམས་དཔོན་ཚོས་གནས་ཚུལ་ཞིབ་འཇུག་དང་། རྩད་ཞིབ་བྱས་པ་བརྒྱུད་ཕྱི་ཟླ་བཅུ་པའི་ཚེས་༩ ཉིན་གོང་གསལ་གྱི་བོད་མི་ཚོས་ཞུ་གཏུགས་བྱས་པ་ལྟར་ཁྲིམས་ཁང་དེས་རྒྱ་ནག་གི་འགོ་ཁྲིད་ཟུར་པ་དེ་དག་གིས་བྱས་ཉེས་བསགས་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་དང་། དེ་བཞིན་ཕྱི་ཚེས་༡༨ ཉིན་བསྐྱར་ཏུ་སི་པན་ཁྲིམས་ཁང་གི་ཁྲིམས་དཔོན་ཚོས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་དང་། ཧོ་ཅིན་ཐོ་གཙོས་པའི་འགོ་ཁྲིད་ལྔ་བོ་ཕྱིའི་རྒྱལ་ཁབ་གང་དུ་སླེབས་པའི་སྐབས་འཛིན་བཟུང་བྱ་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་མ་ཟད། ལྷག་པར་དུ་སྲིད་འཛིན་ཟུར་པ་ཧོ་ཅིན་ཐོ་སི་པན་ཁྲིམས་ཁང་དུ་འདྲི་རྩད་ཆེད་དུ་འབོད་བཀུག་བྱ་རྒྱུ་དང་། རྒྱ་ནག་གི་གཞུང་ཚབ་ཁང་བརྒྱུད་དེ་སྔ་བོད་ནང་འཛིན་པའི་མི་རིགས་རྩ་མེད་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་དེ་ཚོའི་ཐོག་ཧོ་ཅིན་ཐོ་ལ་འདྲི་རྩད་གནང་རྒྱུའི་བཀའ་ཁྱབ་ཀྱང་བཏང་གནང་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།