༧གོང་ས་མཆོག་སྲིད་སྐྱོང་གི་དམ་འབུལ་མཛད་སྒོར་ཕེབས་གནང་རྒྱུ།
2016.05.13

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྲིད་སྐྱོང་གི་དམ་འབུལ་མཛད་སྒོར་ཆིབས་བསྒྱུར་བསྐྱངས་གནང་རྒྱུ་ཡིན་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལས་ཐོག་བློ་བཟང་སེངྒེ་ལགས་སླར་ཡང་སྲིད་སྐྱོང་དུ་འདེམས་ཐོན་བྱུང་བ་བཞིན། འདི་ལོའི་ཕྱི་ཟླ་༥་ཚེས་༢༧་ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ། སྲིད་སྐྱོང་གི་ལས་འཁུར་དམ་བཅའ་འབུལ་རྒྱུའི་མཛད་སྒོ་གནང་རྒྱུ་དང་། མཛད་སྒོའི་གཙོ་མགོན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་ཆེ་གཏན་འཁེལ་ཡོད་པ་རེད།
ད་ལོ་ཕྱི་ཟླ་གསུམ་པའི་ནང་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་ཁག་ནང་ཡོད་པའི་བཙན་བྱོལ་བོད་མི་ཚོས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་འོས་འདེམས་བྱས་ཡོད་པ་དང་། ཕྱི་ཟླ་བཞི་པའི་ཚེས་༢༧་ཉིན་འོས་བསྡུའི་གྲུབ་འབྲས་དངོས་སུ་ཕྱིར་བསྒྲགས་པའི་ནང་། སྲིད་སྐྱོང་འོས་མི་ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་གཉིས་ལས་ལས་ཐོག་སྲིད་སྐྱོང་མཆོག་བསྐྱར་དུ་སྲིད་སྐྱོང་དུ་འོས་འདེམས་བྱུང་ཡོད་པ་རེད། འོས་བསྡུའི་གྲུབ་འབྲས་དངོས་སུ་ཕྱིར་བཏོན་བྱས་པའི་ཟླ་བ་གཅིག་གི་རྗེས་ཕྱི་ཟླ་ལྔ་པའི་ཚེས་༢༧ཉིན་སྲིད་སྐྱོང་གི་དམ་འབུལ་མཛད་སྒོ་གནང་རྒྱུ་གཏན་འཁེལ་བྱུང་ཡོད་འདུག།
གསར་འགོད་པ་འཆི་མེད།