ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་ཨོ་རྩལ་འགྲན་ཚོགས་སྟེང་གཞུང་འབྲེལ་སྐུ་ཚབ་གཏོང་མིན་ད་དུང་གསལ་བོ་མི་འདུག

དེ་ཡང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཁོངས་ཧྥ་རན་སི་(France)་དང་། ནེ་ཌར་ལན་ཌི་(Neatherland)་གཉིས་ཀྱིས། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་དང་འབྲེལ་ནས་གུ་མི་རིང་བར་རྒྱ་ནག་ནང་འཚོགས་རྒྱུའི་ཕྱི་ལོ་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་སྟེང་གཞུང་འབྲེལ་མི་སྣ་བཀག་སྡོམ་དགོས་མིན་ཐད་ཐུན་མོང་གི་ལམ་ཕྱོགས་ཤིག་འཚོལ་ཐབས་གནང་ཡང་། ད་ལྟ་ལམ་སེང་ཐག་གཅོད་ཡོང་དཀའ་བ་ཡོ་རོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞུང་འབྲེལ་དང་ཕྱི་སྲིད་བློན་ཆེན་ཚོས་འདི་ཚེས་༡༣་གཟའ་ཟླ་བ་ཉིན་གསུངས་འདུག་ལ། གནད་དོན་དེའི་ཐད་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ལོ་འདིའི་ཚོགས་ཆེན་མཐའ་མ་ཕྱི་ཚེས་༡༦་གཟའ་ཕུར་བུ་ཉིན་ཚོགས་པའི་སྐབས་སུ་ཐབས་ལམ་གྱི་སྐོར་ལ་བགྲོ་གླེང་གནང་རྒྱུ་རེད་འདུག
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ནང་ཡོད་པའི་ཧན་གྷི་རིས་(Hungary)་རྒྱལ་ཁབ་དེ་རྒྱ་ནག་དང་མཛའ་འབྲེལ་ཆེ་བས། པེ་ཅིང་ཨོ་རྩལ་འགྲན་ཚོགས་སྟེང་གཞུང་འབྲེལ་མི་སྣ་བཀག་སྡོམ་བྱེད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་མེད་ཀྱང་། དེ་མིན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འཐུས་མི་རྒྱལ་ཁབ་གཞན་༢༦་གིས་མོས་མཐུན་ཡོང་རྒྱུ་རེད་ཅེས་ཡོ་རོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་ཞིག་གིས་བརྗོད་འདུག
འཐུས་མི་རྒྱལ་ཁབ་ཁག་གི་ནང་ནས་(Lithuania)་ནི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་མི་སྣ་བཀག་སྡོམ་བྱེད་པར་རྒྱབ་སྐྱོར་ཤུགས་ཆེ་ཤོས་བྱེད་མཁན་གྲས་ཡིན་པ་དང་། དེ་བཞིན་ཧྥ་རན་སི་(France)་དང་། ཇར་མན་(Germany)་གཉིས་ཀྱིས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ལ་ཐུན་མོང་གི་ལམ་ཕྱོགས་ཤིག་དགོས་པ་ནན་བརྗོད་བྱེད་བཞིན་ཡོད་འདུག
གནས་ཚུལ་ནང་ད་རེས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཁོངས་ཀྱི་འཐུས་མི་རྒྱལ་ཁབ་བར་བསམ་ཚུལ་མི་མཐུན་པ་ཡོང་བཞིན་པ་དེ་ནི། ཡོ་རོབ་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་དང་ཨ་རི་བར་གྱི་འགྲན་རྩོད་ཁྲོད་དབུ་མའི་ལམ་ཞིག་འཚོལ་ཐབས་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་འདི་ལོའི་སྤྱི་ཟླ་༤་པའི་ནང་ཨ་རིའི་སྣེ་ཁྲིད་པས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དཔལ་འབྱོར་ཉེས་ཆད་གཅོད་སྐབས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་ཀྱང་གཅིག་མཚུངས་རྒྱ་ནག་ལ་ཉེས་ཆས་འགེལ་རྒྱུའི་ལག་བསྟར་བྱེད་ཡོད་པ་རེད་འདུག
མི་རིང་བར་རྒྱ་ནག་ནང་ཚོགས་རྒྱུའི་ཕྱི་ལོ་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་སྟེང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཞན་པའི་གནད་དོན་ལ་བརྟེན་ཨ་རིའི་སྣེ་ཁྲིད་པའི་ཁེ་ཎ་ཌ་(Canada)་དང་། ཨོ་སུ་ཊི་ལེ་ཡ་(Australia) དབྱིན་ཡུལ་ལ་སོགས་པས་གཞུང་འབྲེལ་སྐུ་ཚབ་མི་སྣ་གཏོང་རྒྱུ་མིན་པའི་ཐག་གཅོད་གསལ་བསྒྲགས་བྱས་ཡོད་པ་རེད། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ངོས་ནས་པེ་ཅིང་ཨོ་རྩལ་འགྲན་ཚོགས་སྟེང་གཞུང་འབྲེལ་མི་སྣ་གཏོང་མིན་གྱི་ད་དུང་གསལ་བོ་མེད་པ་རེད།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།