འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་ཨ་རིའི་ཐག་གཅོད་ལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱབ་སྐྱོར་དགའ་བསུ་གནང་འདུག

2021.12.07
འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་ཨ་རིའི་ཐག་གཅོད་ལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱབ་སྐྱོར་དགའ་བསུ་གནང་འདུག འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་ཨ་རིའི་ཐག་གཅོད་ལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱབ་སྐྱོར་དགའ་བསུ་གནང་།
སྒྲིག་བཟོ།/RFA

༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་དེ་བཞིན་རྒྱ་ནག་པེ་ཅིན་དུ་དངོས་སུ་ཚོགས་རྒྱུར་ཉིན་གྲངས་༥༩་ཙམ་ལས་ལྷག་མེད་པའི་དུས་སྐབས་འདིར། ཨ་མི་རི་ཀའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་(Jen Psaki)་ལགས་ཀྱིས། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་གཙོས་རྒྱལ་ནང་གི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པར་བརྟེན། སྲིད་འཛིན་སྦཡེ་ཌེན་སྲིད་གཞུང་གི་ངོས་ནས་༢༠༢༢་ལོའི་སྤྱི་ཟླ་༢་པའི་ནང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚོགས་གཏན་འཁེལ་བའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ནང་། ཨ་མི་རི་ཀའི་ཕྱི་འབྲེལ་མི་སྣ་དང་གཞུང་འབྲེལ་སྐུ་ཚབ་རྣམས་མངགས་གཏོང་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་སྐོར་གསལ་བསྒྲགས་གནང་བར། བོད་མིའི་སྒྲིག་འཛུགས་གཙོས་པའི་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་བཅས་ནས་དགའ་བསུ་དང་ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞུས་གནང་སོང་།
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཨ་རི་གཞུང་ལ་བསྔགས་བརྗོད་ཞུས་བ་དང་སྦྲགས། དེ་སྔོན་༢༠༠༨་ལོར་པེ་ཅིན་ལ་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་པའི་སྐབས་སུ་རྒྱ་ནག་གཞུང་གིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུ་དང་འབྲེལ་བའི་ཁས་ལེན་མང་པོ་ཞིག་བྱས་ཡོད་ཀྱང་། འདས་པའི་ལོ་བཅུ་ལྷག་རིང་རྒྱ་ནག་རྒྱལ་ནང་དང་ལྷག་པར་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཀྱི་གནས་སྟངས་ཡར་རྒྱས་ཕྱིན་མེད་པ་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་བོད་མིའི་ཆབ་སྲིད་དང་སྤྱི་དམངས་སོགས་ཀྱི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འདི་ལའི་སྤྱི་ཟླ་བཞི་པའི་ནང་བཏོན་པའི་སྙན་ཐོའི་ནང་གསལ་ཡོད་ཅིང་། ལྟེ་གནས་ཁང་དེ་ཉིད་ཀྱི་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས། ད་རེས་ཨ་རིས་ཐག་གཅོད་དེ་ནི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཐད་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་ལྟ་བུ་་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་མཁན་ཞིག་གི་ནང་ཨོ་ལིམ་པིཀསི་ཚོགས་པ་ཡིན་ན། རྩེད་འགྲན་དེའི་དམིགས་ཡུལ་དང་འགལ་ཟླ་ཆགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ལྷན་ཚོགས་ཀྱིས་༢༠༢༢་ལོའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་དེ་རྒྱ་ནག་ནང་ཚོགས་རྒྱུའི་ཐག་གཅོད་བྱས་པའི་རྗེས། རྒྱལ་སྤྱིའི་ནང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་བོད་དོན་ལས་འགུལ་བ་མང་དག་ཅིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་སྣ་ཚོགས་བྱས་ཡོད་པ་རེད། བཞུགས་སྒར་ཁུལ་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འབྲེལ་མཐུད་པ་བསྟན་འཛིན་པ་སངས་ལགས་ཀྱིས། ཨ་རིའི་ཐག་གཅོད་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས དབྱིན་ཡུལ་དང་ཁེ་ན་ཌ། ཡོ་རོབ་གྲོས་ཚོགས། ཨོ་སི་ཀྲོ་ལི་ཡ། དེ་བཞིན་ལི་ཐུ་ནི་ཡ་(Lithuania)་སོགས་ཀྱིས་ཨ་རི་ནང་བཞིན་ཨོ་རྩེད་འགྲན་ཚོགས་ནང་གཞུང་འབྲེལ་མི་སྣ་མཉམ་ཞུགས་གནང་རྒྱུ་མིན་པའི་ཐག་གཅོད་དང་འབྲེལ་བའི་བགྲོ་གྲེང་གནང་མུས་ཡིན་པ་མ་ཟད། རྒྱ་གར་གཞུང་གི་ངོས་ནས་ཨ་རི་ལྟར་ལག་བསྟར་ཡོང་བ་རེ་བ་ཡོད་པ་གསུངས་བྱུང་།
ཡང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས། ཨ་རི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཨ་རི་ཙམ་མ་ཟད་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོ་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཀྱང་དེ་དེ་བཞིན་གྱི་ཐག་གཅོད་གནང་དགོས་པའི་འབོད་སྐུལ་གནང་གི་འདུག་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་ནི་ཨོ་རྩེད་འགྲན་བསྡུར་དེ་རྒྱ་ནག་ནང་ཚོགས་མི་དགོས་ཡག་བཟོ་རྒྱུ་དེ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཨ་རིའི་ཐག་གཅོད་དེའི་ཐད་འདི་ཚེས་༧་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Zhao Lijan)་གྱིས། ༢༠༢༢་ལོའི་པེ་ཅིན་ཨོ་རྩལ་འགྲན་ཚོགས་ནང་ཆབ་སྲིད་མི་སྣ་བྱེ་བྲག་པ་རེ་ཟུང་མ་སླེབས་པ་ཡིན་ན། སུ་ལའང་ཁྱད་པར་མེད། འོན་ཀྱང་། འབྱུང་འགྱུར་རྒྱ་ནག་གི་ངོས་ནས་ཨ་རིའི་ཐག་གཅོད་ལ་བརྡ་ལན་ཞིག་ངེས་པར་དུ་སྤྲོད་རྒྱུ་ཡིན་ཞེས་བརྗོད་འདུག

ཨ་རིའི་གཞུང་འབྲེལ་མི་སྣ་པེ་ཅིན་ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་གནང་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་ནའང་། ཨ་མི་རི་ཀའི་རྩེད་འགྲན་པ་ཚོ་མཉམ་ཞུགས་གནང་རྒྱུ་ཡིན་འདུག འོན་ཀྱང་། དེ་སྔོན་སྤྱི་ལོ་༡༩༧༩་ལོའི་སྤྱི་ཟླ་༡༢་ཚེས་༢༧་ཉིན་ཨུ་རུ་སུ་མཉམ་འབྲེལ་གྱིས་ཨབ་གྷན་(Afghanistan)་ལ་བཙན་འཛུལ་བྱས་པའི་རྒྱུ་མཚན་གྱིས། ༡༩༨༠་ལོར་ཨུ་རུ་སུའི་ནང་དུ་ཚོགས་པའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་ནང་ཨ་རིས་གཞུང་འབྲེལ་མི་སྣ་ཙམ་མ་ཟད་རྩེད་འགྲན་པ་ཚོ་ཡང་མངགས་གཏོང་མཉམ་ཞུགས་གནང་མེད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎