ཚོགས་སྡེ་མང་པོས་ཨ་རིའི་སྲིད་འཛིན་ལ་ཞི་ཅིན་ཕིན་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་གླེང་སློང་དགོས་བའི་འབོད་སྐུལ་གནང་འདུག

2023.11.08
ཚོགས་སྡེ་མང་པོས་ཨ་རིའི་སྲིད་འཛིན་ལ་ཞི་ཅིན་ཕིན་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་གླེང་སློང་དགོས་བའི་འབོད་སྐུལ་གནང་འདུག ཨ་རིའི་སྲིད་འཛིན་(Biden)་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་དྲ་ལམ་བརྒྱུད་མཇལ་མོལ་སྐབས། ༠༣།༡༨།༢༠༢༢
REUTERS

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་སྡེ་ཁག་༥༩ཡིས་ཨ་རིའི་སྲིད་འཛིན་(Joe Biden)་མཆོག་ལ། རིང་མིན་ཨ་རིའི་གྲོང་ཁྱེར་(San Francisco)་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ལྷན་དུ་(APEC)་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་ཀྱི་ཞོར་བཀའ་མོལ་གནང་སྐབས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ངེས་པར་དུ་ཡར་རྒྱས་གཏོང་དགོས་པ་སོགས་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ངེས་པར་དུ་གླེང་སློང་གནང་དགོས་པའི་འབོད་སྐུལ་གྱི་སྙན་ཞུ་ཞིག་ཕུལ་འདུག
ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་(CHRD)་ཞེས་པའི་ཉམས་ཞིབ་པ་དང་ཞུ་གཏུག་འབྲེལ་མཐུད་པ་(William Nee)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གི་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་ཐད་གླེང་སློང་གནང་རྒྱུ་གཡོལ་ཐབས་བྱེད་བཞིན་ཡོད་ཀྱང་། ངའི་བསམ་པར་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཡུན་གནས་ཡོང་བར་འགྲོ་བ་མིའི་ཐོབ་ཐང་གལ་ཆེན་ལ་བརྩི་དགོས་ཀྱི་རེད་ལ། ཨ་རིའི་སྲིད་འཛིན་(Biden)་ མཆོག་གིས་ཀྱང་འགྲོ་བ་མིའི་ཐབ་ཐང་ཐད་བཀའ་མོལ་གནང་བའི་རེ་བ་བྱེད་བཞིན་ཡོད་པ་གསུངས་བྱུང་།
སྙན་ཞུ་དེའི་ནང་། འདས་པའི་ལོའི་ནང་ཨ་རིའི་སྲིད་གཞུང་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་དང་ཚོགས་སྡེ་མང་པོས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞབ་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། བོད་ཕྲུག་ས་ཡ་བརྒལ་བ་ཕ་མ་དང་ཁ་བྲལ་བཏང་ནས་རྒྱ་ནག་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་ནང་བཅུག་པ་དང་མཉམ་རྒྱ་བསྒྱུར་སློབ་གསོ་སྤེལ་ནས་མི་རིགས་རྩ་མེད་བཟོ་བཞིན་པར་བློ་འཚབ་ཡོད་པ་གསུངས་ཡོད་པ་དེའི་སྐོར་དང་། དེ་བཞིན་ཤིན་ཅང་ངམ་ཤར་ཏུར་ཀི་སི་ཐན་ནང་གི་ཁ་ཆེ་ཡུ་གུར་མི་རིགས་ཚོ་གང་བྱུང་ འཛིན་བཟུང་དང་། བཀག་སྐྱིལ་མནར་གཅོད་ཀྱིས་ངལ་རྩོལ་བཀོལ་བ། ཧོང་ཀོང་ནང་ཕྱི་ལོ་༢༠༢༠ལོ་ནས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བ་ལག་བསྟར་བྱས་ནས་མི་མང་གི་རང་དབང་རྡོག་རོལ་གཏོང་བཞིན་པ་བཅས་ལ་བློ་འཚབ་ཡོད་པ་སོགས་རྒྱ་ནག་གི་སྲིད་འཛིན་ལ་གསུངས་དགོས་པའི་ནན་སྐུལ་གནང་འདུག
ད་དུང་ཞི་ཅིན་ཕིན་ལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། སྒོ་ཤེས་རབ་རྒྱ་མཚོ་ལགས། རོང་པོ་དགེ་འདུན་ལྷུན་གྲུབ་ལགས་སོགས་གཙོས་རྒྱ་ནག་གིས་བཙོན་འཇུག་བྱས་ཡོད་པའི་ཆབ་སྲིད་ཀྱི་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་བརྡ་ལན་སྤྲོད་དགོས་པའི་ནན་སྐུལ་དང་བཅས་ད་རེས་ཞི་ཅིན་ཕིན་དང་མཉམ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་བྱ་རྒྱུའི་གོ་སྐབས་བཟང་པོ་དམ་འཛིན་གནང་དགོས་པའི་འབོད་སྐུལ་ཞུས་འདུག


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎