ཁེ་ཎ་ཌའི་ལོ་རྒྱུས་ཁྲོད་ཀྱི་བོད་རིགས་གྲོས་ཚོགས་འཐུས་མི་ཐོག་མ་དཀར་པོ་ཆེ།
2018.06.08
བོད་རིགས་བུད་མེད་བུ་འཁྲིད་དཀར་པོ་ཆེ་ལགས་སུ་ཁ་ཎ་ཌའི་ས་གནས་གྲོས་ཚོགས་འཐུས་མིའི་འོས་བསྡུའི་རྒྱལ་ཁ་ཐོབ་འདུག
དེ་ཡང་ཕྱི་ཚེས་ ༧ ཉིན་ཁ་ཎ་ཌའི་ཨོན་ཊཱ་རི་ཡོ་(Ontario)མངའ་སྡེའི་གྲོས་ཚོགས་འཐུས་མི་འོས་བསྡུའི་ཁྲོད། པརཀ་ཌཱེལ་(Park Dale High)ས་གནས་ཀྱི་དམངས་གཙོ་གསར་པའི་སྲིད་དོན་ཚོགས་པའི་ (New Democrats)འོས་མི་བུ་འཁྲིད་དཀར་པོ་ཆེ་ལགས་ལ་འོས་བསྡུའི་ནང་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཅིང་། ཁེ་ན་ཌའི་ཨོན་ཊཱེ་རི་ཡོ་མངའ་སྡེའི་གྲོང་ཁྱེར་ཊོ་རོན་ཊོའི་ནང་བོད་རིགས་སྟོང་ཕྲག་འགའ་ཤས་གནས་སྡོད་བྱེད་བཞིན་ཡོད་པ་དང་། འདི་ནི་ཁེ་ན་ཌའི་ལོ་རྒྱུས་ཁྲོད་ཀྱི་བོད་རིགས་ཞིག་གྲོས་ཚོགས་འཐུས་མི་ཆགས་པ་ཐོག་མ་དེ་ཡིན་པ་རེད།
བུ་འཁྲིད་དཀར་པོ་ཆེ་ལགས་ལ་འོས་བསྡུའི་རྒྱལ་ཁ་ཐོབ་རྗེས། ཁོང་གིས་རྒྱབ་སྐྱོར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུ་བའི་གཏམ་བཤད་མཛད་སྒོའི་ཐོག། ཁོང་གིས་དེ་རིང་ང་ཚོས་ལོ་རྒྱུས་གསར་པ་ཞིག་བསྐྲུན་ཐུབ་ཡོད་པ་དང་། ང་རང་ས་གནས་འདིའི་འཐུས་ཚབ་མི་སྣ་ཞིག་ཏུ་འདེམས་ཐོན་བྱུང་བར་དོན་དམ་གྱི་དགའ་སྤོབས་བྱུང་མར་མ་ཟད། མུ་འཐུད་མདུན་བསྐྱོད་བྱ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
འདས་ལོའི་ཕྱི་ཟླ་༩ པའི་ཚེས་༡༤ ཉིན་ པརཀ་ཌཱེལ་(Parkdale)ས་གནས་ཀྱི་དམངས་གཙོ་ཚོགས་པའི་ཚོགས་འདུའི་ཐོག བུ་འཁྲིད་དཀར་པོ་ཆེ་ལགས་ལ་ ཕྱི་ལོ་ ༢༠༡༨ ལོའི་ཨོན་ཊ་རོ་མངའ་སྡེའི་གྲོས་ཚོགས་འཐུས་མི་འོས་བསྡུའི་ནང་པརཀ་ཌཱེལ་Parkdale ས་གནས་ཀྱི་འོས་མིར་བདམས་ཐོན་བྱུང་ཡོད་པ་དང་། ཁོང་གིས་འོས་བསྡུའི་དྲིལ་བསྒྲགས་སྐབས་དམིགས་བསལ་དོ་སྣང་བྱེད་ཡུལ་དེ་ས་གནས་ཡུལ་མིའི་དཔལ་འབྱོར་གནས་བབ་ཡར་རྒྱས་གཏོང་རྒྱུ་དང་། སྤྱི་དམངས་འཕྲོད་བསྟེན་ལྟ་སྐྱོང་སོགས་ཀྱི་ཐད་ཡིན་ཞིང་། མངའ་སྡེའི་ས་གནས་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ནང་བུ་འཁྲིད་ལགས་དང་དེ་མིན་འགྲན་རྩོད་དུ་བཞེངས་མཁན་དུ་ཆབ་སྲིད་ཚོགས་པ་གསུམ་གྱི་འོས་མི་ཡོད་པའི་ཁོངས་ནས་ཕྱི་ཟླ་ ༦ ཚེས་ ༧ གྱི་དངོས་གཞིའི་འོས་བསྡུའི་སྐབས་་ཁོང་ལ་འོས་ཤོག་གྲངས་འབོར་མང་ཤོས་ཐོབ་ཡོད་པ་རེད།
བུ་འཁྲིད་དཀར་པོ་ཆེ་ལགས་ནི་བལ་ཡུལ་ནང་བཙན་བྱོལ་དུ་ཡོད་པའི་བོད་མིའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་ཞིང་། གཞི་རིམ་སློབ་གྲྭ་རྒྱ་གར་ནང་ཐོན་ཡོད་པ་དང་། དགུང་ལོ་ ༡༨ སྐབས་ཁ་ཎ་ཌའི་ནང་སྐྱབས་བཅོལ་དུ་འབྱོར་ཏེ་སློབ་ཆེན་འགྲིམས་ཤིང་། ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་དུ་སྤྱི་དམངས་འཕྲོད་བསྟེན་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་མ་ཟད། ད་ལྟའི་ཆར་རཡེར་སོན་(Ryerson University)གཙུག་ལག་སློབ་གཉེར་ཁང་དུ་སྤྱི་དམངས་འཕྲོད་བསྟེན་སྲིད་བྱུས་ཐོག་འབུམ་རམས་པའི་ཞིབ་འཇུག་གནང་མུས་ཡིན་འདུག
ཁོང་ལ་ཁ་ཎ་ཊའི་མངའ་སྡེའི་འོས་བསྡུའི་ནང་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་འཚམས་འདྲི་གནང་བ་དང་སྦྲགས། བུ་འཁྲིད་དཀར་པོ་ཆེ་ལྟ་བུའི་བོད་རིགས་ན་གཞོན་གང་མང་གིས་རྒྱལ་ཁབ་མང་པོའི་གཞུང་ནང་ཞབས་ཞུ་སྒྲུབ་ཐུབ་པའི་རེ་བ་གནང་གི་ཡོད་སྐོར་གསུངས་འདུག
གསར་འགོད་པ་འཆི་མེད།