རྒྱ་ནག་ནང་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་ལ་ཉེ་བ་དང་བསྟུན་གང་སར་ངོ་རྒོལ་ལས་འགུལ་སྤེལ་གྱི་འདུག
རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་དང་བོད་ནང་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་། ལྷག་དོན་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པར་བརྟེན། སྤྱི་ཟླ་༢་པའི་ཚེས་༤་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་རྒྱུའི་རྒྱལ་སྤྱིའི་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་ལ་ངོ་རྒོལ་མཚོན་ཆེད། བཞུགས་སྒར་དུ་སྤྱི་ཟླ་༢་པའི་ཚེས་༣་ཉིན་གངས་མ་ཆར་ཤུགས་ཆེ་འབབ་བཞིན་པའི་ཁྲོད་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་གིས་མི་རིགས་རྩ་མེད་གཏོང་བཞིན་པ་ཟེར་བའི་འཕྲེད་དར་དང་། རྒྱ་ནག་ཏུ་ཆབ་སྲིད་བཙོན་པའི་གནས་སྟངས་མཚོན་པར་མི་ཁ་ཤས་གཟེབ་ཏུ་བཅུག་པ། རྩེད་འགྲན་པ་ཚོར་རང་དབང་མེད་པའི་མཚོན་རྟགས་སུ་མི་ཁག་ཅིག་གི་མིག་བཀབས་ཏེ་ངོ་རྒོལ་ལས་འགུལ་སྤེལ་ཡོད་ཅིང་། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ནས། རྒྱ་ནག་གཞུང་གིས་ཤིན་ཅང་དུ་ངལ་རྩོལ་བསྒྱུར་བཀོད་ཤུགས་ཆེ་བྱེད་བཞིན་པ་དང་། བོད་ནང་སྐད་ཡིག་དང་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པས་དེར་ངོ་རྒོལ་ཆེད་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས་བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤྱི་ལོ་༢༠༡༥་ལོར་རྒྱ་ནག་ཏུ་དགུན་དུས་ཨོ་ལིམ་པིཀསི་འཚོགས་གཏན་འཁེལ་བ་ནས་བཟུང་། རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་གཏན་འགོག་བྱ་དགོས་པའི་ལས་འགུལ་རབ་དང་རིམ་པར་སྤེལ་ཡོད་པ་དང་། ཕྱིས་སུ་འབོད་སྒྲ་ལ་འགྱུར་བ་བཏང་ནས་རྩེད་འགྲན་དེར་གཞུང་འབྲེལ་གྱི་མི་སྣ་མ་བཏང་རོགས་ཞེས་འབོད་སྐུལ་རིམ་པར་བྱས་པར་བརྟེན། ད་རེས་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གིས་གཞུང་འབྲེལ་མི་སྣ་མ་བཏང་བ་ནི་ང་ཚོའི་ལས་འགུལ་གྱི་རྒྱལ་ཁ་ཞིག་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ལས་འགུལ་བ་བསྟན་འཛིན་ལེགས་ལྡན་ལགས་ནས། རྒྱ་ནག་གཞུང་གིས་ཨོ་ལིམ་པིཀསི་རྩེད་འགྲན་ལ་མཉམ་ཞུགས་པ་ལུས་རྩལ་པ་ཚོར། བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་གཏམ་བརྗོད་རང་དབང་བཀག་འགོག་བྱས་ཡོད་པས། རྩེད་འགྲན་པ་ཚོ་དབུ་འབྱེད་དང་མཇུག་སྡོམ་མཛད་སྒོ་ལ་མ་ཕེབས་རོགས་ཀྱི་འབོད་སྐུལ་གནང་གི་ཡོད་ཟེར།
གཞན་འདི་ཚེས་༣་ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་ལ་ཉེ་བ་དང་བསྟུན། གྲོས་ཚོགས་ནང་ཉན་ཞིབ་གོ་སྒྲིག་གནང་སྟེ་རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་ཀྱང་ཨོ་ལིམ་པིཀསི་རྩེད་འགྲན་སྒོ་འབྱེད་འཁྲབ་སྟོན་ཡིད་དབང་འཕྲོག་པ་བྱས་ཏེ་འཛམ་གླིང་མི་མང་སེམས་གཡེང་ཐབས་བྱ་སྲིད་པ་སོགས་ཐེར་འདོན་གནང་ཡོད་པ་རེད་ལ། དེ་དང་འབྲེལ་འདི་ཚེས་༣་དང་༤་སོ་སོར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དང་ཡོ་རོབ་སུད་སུ། ཁེ་ཎ་ཌ་བཅས་ས་གནས་ཁག་མང་པོར་བོད་མི་དང་ཡུ་གུར་བ། ཧོང་ཀོང་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ། ལྷོ་སོག་པོ་བཅས་ཚོགས་སྡེ་ཁག་མང་པོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་རྒྱ་ནག་ནང་ཨོ་ལིམ་པིཀསི་རྩེད་འགྲན་ཚོགས་རྒྱུར་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་བཞིན་པ་རེད།
རྒྱ་ནག་གི་རྒྱལ་ས་པེ་ཅིང་ནི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་གྱི་དབྱར་དགུན་གཉིས་ཀའི་རྩེད་མོ་གོ་སྒྲིག་བྱས་མྱོང་མཁན་དེ་ཆགས་ཀྱི་ཡོད་པས། རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་ཡིན་ནའང་། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་དང་ཡུ་གུར་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན། ཨ་མི་རི་ཀ་དང་ཁེ་ཎ་ཌ། དབྱིན་ཇི་སོགས་རྒྱལ་ཁབ་དགུ་དང་ཐེ་ཝན་བཅས་ནས་གཞུང་འབྲེལ་མི་སྣ་མཛད་སྒོ་ལ་མི་གཏོང་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།