ཧིན་རྡུའི་ཆོས་འབྲེལ་འདུ་འཛོམས་འཚང་ཀའི་ནང་མི་ཤི་རྨས་སྐོར།
2008.09.30
༄༅༎རྒྱ་གར་གྱི་ཧིན་རྡུ་བ་ཚོས་ལོ་གཅིག་ནང་ཉིན་དགུའི་རིང་སྲུང་བརྩི་ཞུ་བའི་ཆོས་ཕྱོགས་ཀྱི་དུས་ཆེན་ཁྱད་པར་ཅན་ཞིག་འགོ་བཙུགས་པའི་ཉིན་རྒྱ་གར་གྱི་མངའ་སྡེ་རཇེ་སི་ཏན་ནང་གི་ཧིན་རྡུའི་དགོན་པ་ཞིག་ནང་མི་དམངས་འདུ་འཛོམས་ཆེ་བའི་མི་ཚོགས་ནང་རྡོག་རྫིས་ཐེབས་ཏེ་མི་དམངས་བརྒྱ་དང་བཞི་ཅུ་ལྷག་རྐྱེན་ལམ་དུ་ཕྱིན་ཡོད་པ་རེད།
དེ་རིང་ས་གནས་ཀྱི་ཉེན་རྟོག་པས། མངའ་སྡེ་རཇེ་སི་ཏན་གྱི་གྲོང་ཁྱེར་ཇོརྡ་པུར་གྱི་ཉེ་འཁྲིས་ཀྱི་རི་རྒྱུད་དུ་ཆགས་པའི་ཆ་མུན་རྡ་དགོན་པའི་རི་གཟར་སྟེང་འཛེགས་པའི་སྐབས་མི་དམངས་ཉུང་ཤས་ཤིག་མར་རིལ་བའི་འགྲེལ་བརྗོད་བྱས་ཡོད་ཅིང༌། ཡིན་ནའང་གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་གསུང་ན། མི་མང་པོ་ཞིག་གཅིག་གི་སྟེང་དུ་གཅིག་རིལ་བར་བརྟེན་ནས་ཁག་ཅིག་མགྱོགས་པོ་ལངས་ཏེ་ཉིན་ཁ་ལས་གཡོལ་ཐུབ་པ་བྱུང་ཡོད་ཀྱང་མང་པོ་ཞིག་མི་སྟོང་ཕྲག་མང་པོའི་རྐང་པའི་འོག་ཏུ་ཚུད་ཏེ་རྡོག་རྫིས་ཐེབས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་ད་དུང་རཇེ་སི་ཏན་གྱི་ཉེན་རྟོག་སྤྱི་ཁྱབ་པ་ར་ཇིལྦ་རྡ་སོཐ་ཡིས་གསུང་ན། གནས་མཇལ་དུ་བསྐྱོད་ཡུལ་གྱི་རི་ལམ་ཆུང་ཆུང་གཡང་བཟར་ཅན་དེའི་ཐོག་ལྡེབས་གཅིག་ཏུ་མི་མང་པོ་མཉམ་དུ་འཚང་ཀ་རྒྱབ་ཏེ་བསྐྱོད་པར་བརྟེན་ནས་མི་ཚོགས་ཀྱི་འཚང་ཀ་ཆེས་དྲག་པའི་རྐྱེན་གྱིས་ཡིན་པ་དང་མི་དམངས་ཁག་ཅིག་དགོན་པར་བསྐྱོད་ཡུལ་གྱི་རི་གཟར་སྟེང་ནས་ལྷུང་སྟེ་མང་པོ་ཞིག་རྐྱེན་འདས་ཕྱིན་ཏེ་དེ་རིང་ཁྱོན་མི་གྲངས་བརྒྱ་དང་བཞི་ཅུ་ཞེ་བདུན་རྐྱེན་ལམ་དུ་ཕྱིན་པ་དང་མི་ལྔ་ཅུ་ང་ལྔ་རྨས་སྐྱོན་ཕོག་ཡོད་པ་དང་ཡིན་ནའང་ད་ཆ་གནས་སྟངས་ཞི་འཇམ་དུ་གྱུར་ཟིན་པ་དང་རྨས་སྐྱོན་ཕོག་པའི་ནད་པ་རྣམས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
ས་གནས་ཀྱི་བརྙན་འཕྲིན་ཐོག་ལ་དང་བླངས་ཞབས་ཞུ་བ་ཚོས་གནས་མཇལ་བའི་ཕུང་པོ་འོར་འདྲེན་བྱེད་བཞིན་པ་དང་དེའི་དཀྱིལ་དུ་གནས་མཇལ་བའི་འཚང་ཀའི་ནང་ལ་རྐྱེན་ལམ་དུ་ཕྱིན་ཏེ་ཕྲུ་གུ་ཆུང་ཆུང་ལུས་པའི་གནས་ཚུལ་བཏོན་བཞིན་ཡོད་པ་རེད།