ཇ་མི་ཡ་ཁ་ཆེའི་མཐོ་སློབ་ནང་བོད་དོན་གོ་རྟོགས་ཀྱི་ལས་འགུལ།
2011.01.29
༄༅༎ཇ་མི་ཡ་ཁ་ཆེའི་གཙུག་ལག་སློབ་གྲའི་ནང་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་བའི་སྐོར་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་འཁོད་འདུག
ཕྱི་ཟླ་དང་པོའི་ཚེས་༢༧དང་༢༨ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་རྟེན་གཞི་བྱས་པའི་ཁ་ཆེའི་ཇ་མི་ཡ་མི་ལ་ཡི་གཙུག་ལག་སློབ་གྲ་ཆེན་མོའི་ནང་གཙུག་ལག་སློབ་གྲའི་གསར་འགོད་ལས་རིགས་ལ་སློབ་གཉེར་བྱེད་མཁན་ལོ་རིམ་མཐའ་མའི་སློབ་ཕྲུག་ཚོས་དང་བླངས་ཀྱིས་གོ་སྒྲིག་འོག་བོད་ཀྱི་འགྲོ་ལམ་ཞེས་པའི་སྤྱིར་བོད་ཀྱི་རིག་གཞུང་དང་ལྷག་པར་དུ་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་ད་ལྟའི་གནས་སྟངས་དང་མ་འོངས་པའི་མདུན་ལམ་སོགས་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་དང་ གློག་བརྙན་ དངོས་བྱུང་གློག་བརྙན་ དེ་བཞིན་བགྲོ་གླེང་ཚོགསའདུ་སོགས་གོ་སྒྲིག་བྱས་ཡོད་པ་རེད་
དེའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་བློན་བསྟན་པ་ཚེ་རིང་མཆོག་གིས་མཛད་སྒོ་དབུ་འཛུགས་དང་འབྲེལ་བོད་དང་བོད་མིའི་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད་ཅིང་ བོད་མི་སྐྱབས་བཅོལ་བའི་གནས་སྟངས་ངོ་མ་ཇི་ཡན་ཤེས་ཐུབ་རྒྱུར་རྒྱ་གར་ནང་བོད་མི་སྐྱབས་བཅོལ་བའི་སྡོད་གནས་སུ་དངོས་སུ་ཕྱིན་ཏེ་རྟོག་ཞིབ་བྱེད་དགོས་བཙན་བྱོལ་བོད་མི་རྣམས་ཀྱི་གནས་སྔས་ལམ་ལྷོང་ལྡན་པ་ཞིག་ཡོང་ཐུབ་པ་དེ་ཕྱོགས་གཅིག་ནས་རྒྱ་གར་གཞུང་དང་མི་མང་གི་རྒྱབ་སྐྱོར་དང་མཐུན་འགྱུར་ལས་བྱུང་བ་ཞིག་ཡིན་པ་གསུང་ཡོད་པ་མ་ཟད་ བོད་ཀྱི་གནད་དོན་ངོ་མ་ཇི་ཡིན་སློབ་མ་ཚོས་ཕྱོགས་ལྷུང་སྤངས་ཏེ་འཚོ་ཞིབ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད་ དེ་བཞིན་སྐབས་དེར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་དང་རྒྱ་ནག་ཏུ་རྒྱ་ནག་གྱི་གཞུང་ཚབ་ཟུར་པ་སྐུ་ཞབས་སལ་མའན་ཧའེ་ཌར་གྱིས་ཇ་མི་ཡ་གཙུག་ལག་སློབ་གྲའི་སློབ་མ་ཚོས་བཙན་བྱོལ་བོད་མི་ཚོའི་གནས་སྟངས་དང་ བོད་ཀྱི་ལེགས་སྦྱང་ལ་དོ་སྣང་བྱས་པར་བསྔགས་བརྗོད་ཞུས་ཡོད་ཅིང་ དེ་དང་ཕྱོགས་འཚུངས་གཙུག་ལག་སློབ་གཉེར་ཁང་དེའི་ཉེ་བའི་རིགས་བདག་སྐུ་ཞབས་ཨེསི་ཨེམ་ར་ཤིརྡ་ཀྱིས་བོད་མི་ཚོར་རང་གི་རྒྱལ་ཁབ་རང་ལ་དབང་བའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡོད། བོད་མི་ཚོའི་ཡང་དག་པའི་མངོན་འདོད་ཀྱི་འབོད་སྒྲ་དེ་ཡལ་མ་འཇུག་པར་དེར་རྒྱབ་སྐྱོར་བྱེད་དགོས་ཞེས་གསུང་བཤད་གནང་འདུག་ལ་ཕྱི་ཚེས་༢༨ཉི་ཏ་ཧེལ་ཁ་དུས་དེབ་ཀྱི་རྩོམ་སྒྲིག་ལས་རོགས་སྐུ་ཞབས་ལྦི་ཇེ་སིན་ཧ་དང་གསར་འགོད་པ་ལྦི་ཇེ་ཀརན་ཏི་བོད་མི་གཞོན་སྐྱེས་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་མཉམ་བཞུགས་ཐོག་བཙན་བྱོལ་བོད་མི་དང་འབྱུང་འགྱུར་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་རེད༎