ཨ་རུ་ན་ཅལ་ནང་རྒྱ་ནག་གི་དངོས་ཟོག་བཀག་སྡོམ་ལས་འགུལ།
2010.02.12
༄༅༎རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་པར་རྡེཤ་ཡི་བདག་དབང་རྒྱ་ནག་ལ་ཡོད་ལུགས་གཅིག་མཇུག་གཉིས་མཐུད་གསལ་བསྒྲགས་བྱས་པར་བརྟེན་ཨ་རུ་ན་ཅལ་མངའ་སྡེའི་སློབ་ཕྲུག་ཚོགས་པས་རྒྱལ་ཞེན་མཚོན་ཆེད་རྒྱ་ནག་ནས་བཟོས་པའི་དངོས་ཟོག་ཉོ་ཚོང་མཉམ་སྦྲེལ་གྱིས་བཀག་འགོག་བྱ་རྒྱུའི་ལས་འགུལ་གསལ་བསྒྲགས་གནང་འདུག
ཨ་རུ་ན་ཅལ་མངའ་སྡེའི་སློབ་ཕྲུག་ཚོགས་པས་གནས་ཀྱི་ཚོང་ཁང་ཁག་གིས་རྒྱ་ནག་ནས་བཟོས་པའི་དངོས་ཟོག་ཉོ་ཚོང་མཚམས་འཇོག་ཡོང་བའི་འབོད་སྐུལ་གནང་བ་ལྟར་རྒྱབ་སྐྱོར་འཐོབ་པའི་རེ་བ་གནང་གི་ཡོད་ཅིང་། ཕྱི་ཟླ་༢་པའི་ཚེས་༨་ཉིན་རྒྱ་ནག་ནས་བཟོས་པའི་དངོས་ཟོག་ཕོན་ཆེ་མེར་བསྲེགས་བཏང་བ་མ་ཟད།
རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་ཡིས་འདྲ་གཟུགས་ཀྱང་མེར་བསྲེགས་བཏང་བ་དང་དུས་མཚུངས་རྒྱ་ནག་ལ་ངོ་རྒོལ་གྱི་སྐད་འབོད་ལན་མང་གནང་འདུག ང་ཚོ་རྒྱ་གར་བ་ཡིན་པའི་སྤོབས་པ་ཡོད་ཅེས་དང་། ང་ཚོ་རྒྱ་གར་བར་སྐྱེས་པ་རེད། རྒྱ་གར་བ་ཡིན་པའི་ཐོག་ནས་ཤི་འི་རེད་ཅེས་སོགས་སྐད་འབོད་གནང་འདུག
རྒྱ་གར་གྱི་བྱང་ཤར་ས་ཁུལ་དུ་རྒྱ་ནག་ནས་བཟོས་པའི་དངོས་ཟོག་ཕོན་ཆེ་ནག་ཚོང་རྒྱབ་ཀྱི་ཡོད་པ་རེད། སྔར་ལོ་ཕྱི་ཟླ་༡༡་པའི་ནང་ཨ་རུ་ན་ཅལ་མངའ་སྡེའི་སློབ་ཕྲུག་ཚོགས་པའི་ཚོགས་མི་མང་པོ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆེད་ཕེབས་ཏེ་རྒྱ་ནག་གཞུང་གིས་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་པར་རྡེཤ་མངའ་སྡེ་དེ་བོད་ཀྱི་ལྷོ་ཕྱོགས་ས་ཁུལ་ཡིན་ལུགས་དང་། བོད་རྒྱ་ཁོངས་ཡིན་པས་ཨ་རུ་ན་ཅལ་པར་རྡེཤ་ཡང་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་བསྐྱར་ཟློས་ཡང་ཟློས་བྱས་དང་བྱེད་བཞིན་པ་རེད༎