པེ་ཅིང་ནས་རྒྱ་ནག་གི་དཔོན་རིགས་དང་མཉམ་བོད་རྒྱ་ཞི་མོལ་སྐུལ་འདེད་གནང་དགོས་པ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལ་འབོད་སྐུལ་གནང་འདུག

2023.06.16
པེ་ཅིང་ནས་རྒྱ་ནག་གི་དཔོན་རིགས་དང་མཉམ་བོད་རྒྱ་ཞི་མོལ་སྐུལ་འདེད་གནང་དགོས་པ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལ་འབོད་སྐུལ་གནང་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ཏུ་འཚམས་གཟིགས་དང་འབྲེལ་བའི་མཚོན་དོན་རི་མོ།
RFA

ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཡག་པོ་མེད་པར་ཡུན་རིང་ལྷག་པའི་སྐབས་འདིར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་མཆོག་བདུན་ཕྲག་འདིའི་གཟའ་སྤེན་པའི་ཉིན་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པ་དང་། ཁུལ་དེར་བཞུགས་རྒྱུན་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་གྱི་གཙོས་འབྲེལ་ཡོད་དཔོན་རིགས་ཁག་ཅིག་དང་མཇལ་མོལ་གནང་འཆར་ཡོད་འདུག འོན་ཀྱང་ཕྱི་སྲིད་དྲུང་ཆེ་མཆོག་གི་འཚམས་གཟིགས་བརྒྱུད་ཡུལ་གཉིས་བར་གྱི་འབྲེལ་བའི་འཕེལ་ཕྱོགས་ལ་ལམ་སེང་འགྱུར་བ་ཐེབས་ཀྱི་མ་རེད་ཅེས་ཨ་རིའི་འབྲེལ་ཡོད་ཞིག་གིས་གསུངས་ཡོད་འདུག་ལ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀང་གིས་གཟའ་མིག་དམར་ཉིན། ཨ་རིའི་ངོས་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་བཤད་ཡོད་པ་དང་། གཟའ་པ་སངས་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝུན་པེན་(Wang Wenbin)་གྱིས་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག ཨ་མི་རི་ཀའི་ངོས་ནས་འགྲན་བསྡུར་བྱེད་པའི་སྐབས་ཕན་ཚུན་འདྲ་མཉམ་གྱི་ཐོག་ནས་འགྲན་བསྡུར་བྱེད་དགོས་པ་ལས་སྟོབས་ཤུགས་ངོམ་པའི་ཐོག་ནས་འགན་འཁྲི་མེད་པའི་འགྲན་རྩོད་ཀྱི་རྣམ་པ་བསྟན་པ་ཡིན་ན་ཕྱོགས་གཉིས་གདོང་ཐུག་ཡོང་གཞི་ལས་མེད་ཅེས་བཤད་ཡོད་འདུག
གང་ལྟར་ད་རེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ཏུ་འཚམས་གཟིགས་མ་ཕེབས་པའི་གོང་ཙམ་ནས་རྒྱ་ནག་གི་ཕྱོགས་ནས་རེ་བ་དེ་ཙམ་མེད་པའི་རྣམ་འགྱུར་སྟོན་གྱི་ཡོད་ཀྱང་། ད་རེས་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ནང་ཕེབས་འཆར་དེ་ཕྱི་ལོ་༢༠༢༡ཙམ་ནས་བཟུང་ཨ་རིའི་ཆེས་མཐོའི་དཔོན་རིགས་རྒྱ་ནག་ནང་འཚམས་གཟིགས་ཕེབས་རྒྱུ་ཐོག་མ་ཆགས་ཀྱི་ཡོད་པ་མ་ཟད། འཚམས་གཟིགས་ཕེབས་པ་ཙམ་གྱིས་མུ་མཐུད་ནས་ཡུལ་གཉིས་ཀྱི་དབུ་ཁྲིད་བར་མཇལ་འཕྲད་གནང་རྒྱུའི་མཚོན་འབྲེལ་བའི་ཁ་ཕྱོགས་ཕྲན་བུའི་བཟང་དུ་འགྲོ་རྒྱུའི་ཐུགས་རེ་གནང་གི་ཡོད་འདུག
ད་རེས་གོ་སྐབས་དང་བསྟུན་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅུ་ཙམ་ཚུད་པའི་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེད་མཁན་ཚོགས་པ་༤༢ཀྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་ལགས་སུ་ཕྱི་ཚེས་༡༤ཉིན་སྙན་ཞུ་ཞིག་ཕུལ་བའི་ནང་། ཁོང་རིང་མིན་ཟླ་བ་འདིའི་ཚེས་༡༨ཉིན་རྒྱ་ནག་ཏུ་གཟིགས་སྐོར་ཕེབས་སྐབས། རྒྱ་ནག་གི་འགོ་ཁྲིད་རྣམས་དང་ལྷན་དུ་བོད་དང་། ཧོང་ཀོང་། ཤིན་ཅང་བཅས་ཀྱི་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་ངེས་པར་གླེང་སློང་གནང་དགོས་པའི་འབོད་སྐུལ་གནང་འདུག་ལ། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཀྱང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ལ་པེ་ཅིང་ནས་རྒྱ་ནག་གི་དཔོན་རིགས་དང་མཉམ་བོད་རྒྱ་ཞི་མོལ་ཡོངས་ངེས་བར་སྐུལ་འདེད་གནང་དགོས་བའི་འབོད་སྐུལ་གནང་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎