བལ་ཡུལ་དམག་མི་ཟླ་སྒྲིལ་ཚོགས་ཆུང་ནས་གསལ་བསྒྲགས།
2012.04.14
༄༅༎དམར་ཤོག་མའོ་ཚོགས་པའི་དྲག་འཐབ་པ་གཞུང་དམག་ཁོངས་སུ་འཇུག་ཕྱོགས་ཐད་དམག་མི་ཟླ་སྒྲིལ་དམིགས་བསལ་ཆུང་གིས་འགལ་ཟླའི་གནད་དོན་ཡོངས་རྫོགས་སེལ་ཐུབ་ཡོད་ལུགས་གསལ་བསྒྲགས་གནང་འདུག
བལ་ཡུལ་སྲིད་དོན་ཚོགས་པ་ཆེ་ཁག་གསུམ་གྱི་འགོ་ཁྲིད་རྣམས་བལ་ཡུལ་སྲིད་བློན་སྦ་སྦུ་རམ་བ་ཏ་རའེ་ཡི་བཞུགས་གནས་སུ་ལྷན་ཚོགས་གནང་སྟེ་དམག་མི་ཟླ་སྒྲིལ་དམིགས་བསལ་ཚོགས་ཆུང་གིས་ཟླ་སྒྲིལ་གཏོང་ཕྱོགས་ཐག་གཅོད་ཇི་བྱས་ལ་མོས་མཐུན་བཀའ་འཁྲོལ་གནང་འདུག
དམར་ཤོག་མའོའི་དྲག་འཐབ་པ་གཞུང་དམག་ཁོངས་སུ་ཟླ་སྒྲིལ་གཏོང་ཕྱོགས་ཆེད་འཛུགས་ཚོགས་ཆུང་ནས་གཏན་འབེབས་གནང་བ་ལྟར་ན། དམར་ཤོག་མའོའི་དྲག་འཐབ་པ་གཞུང་དམག་ཁོངས་སུ་ཟླ་སྒྲིལ་བྱུང་བ་རྣམས་ཀྱི་གོ་གནས་ཐོབ་ཐང་ནི་དམག་མིའི་སྒྲིག་གཞི་གཞིར་བཟུང་ལག་བསྟར་བྱ་རྒྱུ་དང་། ཕྱོགས་མཚུངས་དམག་མི་འདེམས་བསྐོ་བྱེད་པོའི་ཚོགས་ཆུང་གི་ཚོགས་གཙོ་ཡང་གཞུང་ཞབས་འདེམས་སྐོའི་ཚོགས་གཙོ་འམ་ཁོང་གི་སྐུ་ཚབ་དེས་གནང་དགོས་ཞིང་། འདེམས་བསྐོ་བྱུང་བའི་དམར་ཤོག་མའོའི་དྲག་འཐབ་པ་རྣམས་རང་རང་སོ་སོའི་གོ་གནས་ལ་གཞིགས་པའི་ཟླ་བ་གསུམ་ནས་ཟླ་བ་དགུའི་དུས་ཡུན་གྱི་དམག་སྦྱོང་བྱེད་དགོས་ཀྱི་ཡོད་པ་རེད། དམར་ཤོག་མའོའི་དྲག་འཐབ་པ་གཞུང་དམག་ཁོངས་སུ་ཟླ་སྒྲིལ་གཏོང་ཕྱོགས་གཏན་འབེབས་གནང་སྐབས་སྲིད་དོན་ཚོགས་པ་ཆེ་ཁག་གསུམ་གྱི་འགོ་ཁྲིད་རྣམས་ཀྱང་ལྷན་ཚོགས་སུ་མཉམ་ཞུགས་གནང་ཡོད་པ་རེད།
དེ་རིང་དམག་མི་ཟླ་སྒྲིལ་དམིགས་བསལ་ཚོགས་ཆུང་གིས་ཟླ་སྒྲིལ་གཏོང་ཕྱོགས་སྒྲིག་གཞི་འཆར་འབུལ་གནང་བར་འཛིན་སྐྱོང་བློན་ཆེན་ལྷན་ཚོགས་ཀྱིས་བཀའ་འཁྲོལ་གཏན་འབེབས་གནང་གི་ཡོད་པ་རེད། བལ་ཡུལ་ནང་ཞི་འགྲིག་དང་རྩ་ཁྲིམས་གསར་བཟོའི་ལས་དོན་གྲུབ་འབྲས་གང་ལེགས་བྱུང་དང་འབྱུང་བཞིན་པར་བརྟེན། ད་ཡོད་འཛིན་སྐྱོང་རང་སོར་གནས་རྒྱུར་ད་ཡོད་གཞུང་འཛིན་ལ་རྒྱབ་སྐྱོར་བྱེད་པོ་ལྷོ་ཕྱོགས་མཱ་རྡེ་སི་སྲིད་དོན་ཚོགས་པ་རྣམས་ཀྱིས་མོས་མཐུན་བྱེད་ཀྱི་ཡོད་ཅིང་། དེ་ནི་ད་ཡོད་སྲིད་བློན་གྱི་འགོ་ཁྲིད་འོག་སྲིད་དོན་ཚོགས་པ་གཞན་ཁག་གིས་མི་སྣ་ཡང་འཛིན་སྐྱོང་ནང་བཞུགས་ཏེ་ཆིག་བསྒྲིལ་གཞུང་འཛུགས་རྒྱུའི་བསམ་འཆར་ཡིན་པ་རེད། ཕྱོགས་མཚུངས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སྦེ་ལེཀ་གྱིས་དམར་ཤོག་མའོ་ཚོགས་པའི་འགོ་ཁྲིད་པུཤི་པ་ཀ་མལ་རྡ་ཧལ་ལ་ཞལ་པར་གནང་སྟེ་དམར་ཤོག་མའོ་ཚོགས་པས་ད་ལམ་ཞི་འགྲིག་ལས་དོན་ལ་འགན་ཁུར་བཞེས་པར་བསྔགས་བརྗོད་དང་། འབྱུང་འགྱུར་ཡང་རྒྱུན་འཁྱོང་གནང་དགོས་པའི་རེ་འདུན་གནང་འདུག།