རྒྱ་གར་ནང་འཇིགས་སྐུལ་དྲག་སྤྱོད་པར་དོགས་སྐྱོན་བྱེད་དགོས།
2008.12.03
༄༅༎ཉེ་ལམ་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་རུ་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་བསམ་ཡུལ་ལས་འདས་པ་བྱུང་བར་བརྟེན་རྒྱ་གར་དབུས་ས་གཉིས་ཀྱི་གཞུང་གི་འགོ་ཁྲིད་དང་ཉེན་རྟོག་པའི་འགྲོ་ཁྲིད་བཅས་ལ་མི་མང་སྟོང་ཕྲག་མང་པོས་ཁྲོམ་གཞུང་ནང་ངོ་རྒོལ་སྐད་འབོད་གནང་འདུག
འཇིགས་སྐུལ་དྲག་སྤྱོད་པས་ཆུ་ཚོད་དྲུག་ཅུ་ཙམ་རིང་ས་ཁུལ་ཁག་བཅུ་ལ་གཏོར་རྒོལ་བཏང་སྟེ་མི་གྲངས་༡༨༨ཀྱི་ཚེ་སྲོག་འཕྲོག་པ་དང་གསུམ་བརྒྱ་ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད། འཇིགས་སྐུལ་དྲག་སྤྱོད་པ་གཅིག་སོན་པོར་འཛིན་བཟུང་ཐུབ་པ་བརྒྱུད་ནས་འཇིགས་སྐུལ་དྲག་སྤྱོད་པ་རྣམས་ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་ནས་ཡོང་བ་དངོས་ར་འཕྲོད་ཡོད་ཀྱང་རྒྱ་གར་དབུས་ས་གཉིས་ཀྱི་གཞུང་གི་འགོ་ཁྲིད་དང་ཉེན་རྟོག་པའི་འགོ་ཁྲིད་བཅས་ཀྱིས་ལྐོག་ཟ་རུལ་སུངས་ལ་མགོ་བོ་འཁོར་ནས་ཡུལ་མི་སྲུང་སྐྱོབ་ཀྱི་ལས་འགན་ལ་འཐུས་ཤོར་བཏང་བར་མི་མང་ཕལ་མོ་ཆེས་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་ཤིལྦ་རཇེ་པ་ཊེལ་གྱིས་བཟང་སྤྱོད་ཀྱི་འགན་ཁུར་བླངས་ཏེ་དགོངས་ཞུ་གནང་ཡོད་པ་མ་ཟད་མྷ་རཤེ་ཏྲ་མངའ་སྡེའི་སྤྱི་ཁྱབ་པ་ལྦི་ལསེ་རའོ་རྡེཤ་མུཁ་མཆོག་ཀྱང་དགོངས་ཞུ་གནང་བའི་གནས་ཚུལ་ཐོན་ཡོད་པ་རེད། རྒྱ་གར་མི་མང་གི་བསམ་ཚུལ་བསྡུ་རུབ་བྱས་པའི་ནང་མི་མང་བརྒྱ་ཆ་༨༧ཙམ་གྱིས་རྒྱ་གར་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པར་གདོང་ལེན་ཚ་ནན་བྱེད་ཀྱི་མེད་པ་དང་ཡང་བརྒྱ་ཆ་༨༦ཙམ་གྱིས་ད་ལམ་གྱི་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་དེ་སྔོན་འགོག་ཐུབ་ངེས་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། རྒྱ་གར་གྱི་ཁྱིམ་མཚེས་པ་ཀི་སི་ཐན་ནང་ཡོད་པའི་ལཤེ་ཀར་ཨེ་ཏོའེ་སྦ་ཞེས་ཁ་ཆེའི་གཡས་ཐལ་ཚོགས་པས་ད་ལམ་མུམ་སྦའེ་ནང་གཏོར་རྒོལ་གཏོང་མཁན་འཇིགས་སྐུལ་དྲག་སྤྱོད་པ་དེ་དག་ལ་སྦྱོང་བདར་སྤྲད་དེ་ཆེད་གཏོང་བྱས་པར་རྒྱ་གར་གཞུང་གིས་ཡིད་ཆེས་གནང་གི་ཡོད་ཅིང་དེ་སྔོན་ཕྱི་ལོ་༢༠༠༡ལོར་རྒྱ་གར་གྱི་གྲོས་ཚོགས་ཚོགས་ཁང་མདུན་དུ་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་བཏང་བར་བརྟེན་ཡུལ་གཉིས་དབར་དམག་འཁྲུག་ཡོང་ཉེན་བྱུང་ཡོད་པ་དང་དེ་རྗེས་ཕྱི་ལོ་༢༠༠༦ལོར་མུམ་སྦའེ་མེ་འཁོར་ནང་འབར་རྫས་ཀྱི་གཏོར་རྒོལ་ནང་མི་གྲངས་ཉིས་བརྒྱ་ཙམ་གྱི་ཚེ་སྲོག་འཕྲོག་པ་སོགས་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་སྔ་རྗེས་བྱུང་ཡོད་པ་རེད།