རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཨ་རིའི་སྲིད་འཛིན་ལ་འབོད་སྐུལ།
2008.07.16
༄༅༎རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཨ་རིའི་སྲིད་འཛིན་མཆོག་ལ་ཨོ་ལིམ་པིག་རྩེད་འགྲན་མཛད་སྒོར་ཕེབས་པའི་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་འདུག།
དེ་ཡང་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཨེ་ཤི་ཡའི་ལས་དོན་ཚན་པའི་འགན་འཛིན་སྐུ་ཞབས་ཀྲི་ ཀུ་མར་ནས། ཟླ་བ་འདིའི་ཚེས་༢༨ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་པོ་ཞིག་གི་འབྲེལ་ཡོད་ཚོས་ཨ་མི་རི་ཀའི་སྲིད་འཛིན་སྦུཤེ་མཆོག་གི་རྒྱལ་དོན་སློབ་སྟོན་པ་སྐུ་ཞབས་ སི་ཀྲི་ཕན་ ཧེདྲ་ལེ་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་གནང་ཡོད་པ་ལྟར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྐུ་ཚབ་ཀྱང་མཉམ་ཞུགས་གནང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་མཇལ་འཕྲད་དེའི་སྐབས་སྲིད་འཛིན་སྦུཤེ་མཆོག་ཟླ་བ་རྗེས་མ་རྒྱ་ནག་ཏུ་ཚོགས་རྒྱུའི་ཨོ་ལིམ་པིག་རྩེད་འགྲན་གྱི་མཛད་སྒོའི་སྐབས་ཕེབས་དུས་རྒྱ་ནག་གི་དབུ་འཁྲིད་ཚོར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ངེས་པར་དུ་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་འདུག།
འདི་ལོ་བོད་ནང་ཛ་དྲག་གནས་ཚུལ་བྱུང་བའི་དོན་རྐྱེན་དེའི་ཐོག་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གཙོས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཚོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་རེད་ལ་ ཚོགས་པ་དེ་དག་གིས་སྲིད་འཛིན་སྦུཤེ་མཆོག་ཨོ་ལིམ་པིག་རྩེད་འགྲན་སྐབས་མ་ཕེབས་རོགས་གནང་ཞེས་འབོད་སྐུལ་ཡང་ཞུས་ཡོད་རེད། དེ་དང་ཕྱོགས་མཚུངས་ཨ་རིའི་སྲིད་འཛིན་རང་ཉིད་ཀྱི་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང༌། ལྷག་པར་དུ་སྲིད་འཛིན་འོས་དམིགས་འཇོན་མེ་ཀེན་དང་། སྦ་རག་ཨོ་སྦ་མ་རྣམ་གཉིས་ཀྱང་ཕེབས་རྒྱུ་མེད་པའི་དགོངས་ཚུལ་ཡང་བཏོན་གནང་ཡོད་པ་རེད། འོན་ཀྱང་སྲིད་འཛིན་མཆོག་ནས་རྩེད་འགྲན་དང་ཆབ་སྲིད་གཉིས་མཉམ་སྲེས་བྱེད་རྒྱུ་མེད་ལུགས་གསུངས་ནས་ཕེབས་རྒྱུའི་ཐག་གཅོད་གནང་པ་དང༌། ཆབས་ཅིག་རྒྱ་ནག་དང་མི་མཐུན་པའི་གནད་དོན་ཐོག་རྒྱུན་གཏན་ནས་གསལ་པོ་གསུངས་ཀྱི་ཡོད་ལུགས་གསལ་བཤད་གནང་ཡོད་པ་རེད།