ཁ་སོ་རིན་པོ་ཆེའི་སྐུ་གཟུགས་འཕྲོད་བསྟེན་ཛ་དྲག་ཏུ་གྱུར་ཡོད་པ།
2008.05.31
༄༅༎རོང་པོ་དགོན་ཆེན་གྱི་ཨ་ལགས་ཁ་སོ་རིན་པོ་ཆེ་མཆོག་གི་སྐུ་གཟུགས་འཕྲོད་བསྟེན་ཤིན་ཏུ་ཛ་དྲག་ཏུ་འགྱུར་ཡོད་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་ཐོན་འདུག
དེ་ཡང་ཕྱི་ཟླ་ ༥ པའི་ཚེས་ ༣༠ ཉིན་ཨ་མདོ་རྨ་ལྷོས་ས་ཁུལ་རེབ་གོང་རྫོང་ཁོངས་ཀྱི་རོང་པོ་དགོན་ཆེན་གྱི་ཨ་ལགས་ཁ་སོ་རིན་པོ་ཆེ་མཆོག་ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་ཛ་དྲག་སྨན་བཅོས་བྱེད་བཞིན་པ་ཡིན་ཞིང་ འདི་ལོ་ཕྱི་ཟླ་ ༤ པའི་ཚེས་ ༡༧ ཉིན་རོང་པོ་དགོན་ཆེན་གྱི་དགེ་འདུན་པ་རྣམས་ཀྱིས་གཙོས་སེར་སྐྱ་མི་མང་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་སྐབས་ རྒྱ་ནག་གཞུང་གི་དྲག་ཆས་དམག་མིས་ཉེས་རྡུང་དྲག་པོ་བཏང་ཡོད་པ་རེད་ ཨ་ལགས་ཁ་སོ་རིན་པོ་ཆེའི་ཞབས་ཆག་པ་དྲག་སྐྱེད་བྱུང་འདུག་ཀྱང་ གློ་བར་སྐྱོན་བྱུང་སྟེ་ཉིན་མཚན་དབྱེར་མེད་གློ་མཚམས་མེད་པར་རྒྱག་པའི་ཁར་ སྤྱན་དང་སྙན་ཅོག་གི་དབང་པོའི་ནུས་པ་ཉམས་ཤིང་ སྐུ་གཟུགས་གནས་སྟངས་ཧ་ཅང་གི་ཉེན་ཁ་ཆེན་པོའི་ཐོག་གནས་མུས་ཡིན་པ་རེད་ རོང་པོ་དགོན་ཆེན་གྱི་དགེ་འདུན་པ་བདུན་ཙམ་ད་དུང་གློད་འགྲོལ་བཏང་མེད་པ་དང་ དགོན་པའི་ནང་ལས་དོན་རུ་ཁག་མུ་མཐུད་ཡོང་སྟེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་མུ་མཐུད་སྤེལ་བ་སོགས་ལ་དགེ་འདུན་པ་ཚོས་དང་ལེན་ཇི་བཞིན་གནང་གི་མེད་པར་བརྟེན་ སླར་ཡང་དགེ་འདུན་པ་ཚོས་ངོ་རྒོལ་བྱ་སྲིད་པའི་གནས་ཚུལ་བཀོད་འདུག ཕྱོགས་མཚུངས་དེིང་རི་ཤེལ་དཀར་ཆོས་སྡེའི་དགེ་འདུན་པ་བཅུ་གཉིས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་མཐའ་ཅིག་ཏུ་ངོ་རྒོལ་གནང་སྟབས་འཛིན་བཟུང་བྱས་ནས་དགེ་འདུན་པ་བཅུ་གཉིས་ཁོངས་ནས་བཞི་དིང་རི་བཙོན་ཁང་དུ་བཅུག་ཡོད་པ་དང་ གཞན་བརྒྱད་གཞིས་ཀ་རྩེར་འཁྲིད་ཡོད་པ་རེད་ གོང་ཞུས་དིང་རི་ཤེལ་དཀར་ཆོས་སྡེའི་དགེ་འདུན་པ་བཅུ་གཉིས་ཀྱི་མཚན་དང་ཡུལ་ལུང་ཇི་ཡིན་ཞིབ་ཕྲ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པས་གནས་ཚུལ་བཏང་ཡོད་པ་རེད༎