སྐུ་ཕྱྭའི་ཞབས་རིམ་དང་འབྲེལ་ནས་དགེ་འདུན་པ་གཉིས་འཇུ་བཟུང་།


2016.02.09
ལྕོག་རི་དགོན་པའི་མཁན་པོ་དཔའ་དགའ་ལགས་དང་དགེ་བཤེས་ཨོ་རྒྱན་ལགས། ལྕོག་རི་དགོན་པའི་མཁན་པོ་དཔའ་དགའ་ལགས་དང་དགེ་བཤེས་ཨོ་རྒྱན་ལགས།
TCHRD

དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས་ཏྲེ་ཧོར་ལྕོག་རི་དགོན་གྲོང་གཉིས་ཀྱིས། བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་རིམ་གསོག་སྒྲུབ་ཞུས་པ་དང་འབྲེལ་བ་བཟོས་ནས་ལྕོག་རི་དགོན་པའི་མཁན་པོ་དཔའ་དགའ་ལགས་དང་། དགེ་བཤེས་ཨོ་རྒྱན་ལགས་རྣམ་གཉིས་རྒྱ་མིའི་ཉེན་རྟོག་པས་ཉིན་ཤས་གོང་འཇུ་བཟུང་བཙན་འཁྲིད་བྱས་སྟེ་འདྲི་རྩད་བྱེད་བཞིན་ཡོད་པ་རེད་འདུག
དགུང་གྲངས་༤༠་མ་ཟིན་ཙམ་ལ་ཕེབས་པ་མཁན་པོ་དཔའ་དགའ་ལགས་ནི་དེ་སྔོན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུང་དགོན་ནས་དགེ་བཤེས་ཐོན་པའི་རྗེས་སུ། བོད་ལ་ཕྱིར་ཕེབས་པ་ཞིག་ཡིན་པ་དང་། དགུང་གྲངས་༥༠་ཙམ་ལ་ཕེབས་པའི་དགེ་བཤེས་ཨོ་རྒྱན་ལགས་ཀྱང་དེ་སྔོན་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་ནས་དགེ་བཤེས་ཐོན་རྗེས་ཕ་ཡུལ་དུ་ཕྱིར་ཕེབས་གནང་བ་ཞིག་ཡིན་པ་རེད།
ད་དུང་འདི་ལོའི་ཕྱི་ཟླ་༡་ཚེས་༢༥་ཉིན་དཀར་མཛེས་ཏྲེ་ཧོར་ལྕོག་རི་དགོན་པར་ཏྲེ་ཧོར་སེར་སྐྱ་མི་མང་ཧ་ཅང་མང་པོ་ཆེད་ཕེབས་གནང་སྟེ། ༧རྒྱལ་བའི་སྐུ་ཕྱའི་ཞབས་རིམ་རྒྱས་པོ་ཞིག་ཚོགས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་ཐད་ཀར་དྲག་གནོན་བཀག་སྡོམ་རིགས་བྱས་མེད་ན་ཡང་ཕྱི་ཟླ་དང་པོའི་ཚེས་༣༡་ཉིན་བྲག་མགོ་རྫོང་རིག་གནས་ཡུལ་སྐོར་ལས་ཁུངས་དང་། བྲག་མགོ་རྫོང་སྤྱི་བདེ་ལས་ཁུངས། མི་རིགས་ཆོས་དོན་ལས་ཁུངས་བཅས་ཀྱིས་ཏཱ་ལའི་བླ་མའི་སྐུ་པར་སྒྲིག་གཤོམ་བྱས་པ་ནི་དྲིལ་བསྒྲགས་ལོག་པར་འགྲོ་བའི་དངོས་རྫས་ཡིན་པས་ཚོང་ཁང་དང་། མི་མང་འདུ་འཛོམས་བྱ་སའི་སྤྱི་པའི་ཚོང་ར་བཅས་ནང་སྒྲིག་གཤོམ་མི་ཆོག་པ་དང་སྐུ་པར་ཡོངས་རྫོགས་ཕྱི་ཟླ་༢་ཚེས་༢་ཉིན་གྱི་གོང་ལ་རང་འགུལ་རང་རྫོང་རིག་གནས་ཁྲིམས་འཛིན་རུ་ཆེན་ཟེར་བར་སྤྲོད་དགོས་པ་མ་ཟད། དུས་ཚོད་ཕྱིར་འགྱངས་བྱེད་པ་དང་གཏན་ནས་མི་སྤྲོད་མཁན་ཚོར་ཐབས་ཤེས་དྲག་པོ་སྤྱད་ནས་རྩིས་ལེན་རྒྱུ་དང་། དོ་བདག་གི་མི་ལ་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་སྐོར་ས་གནས་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་བཞིའི་ཐེལ་རྩེ་བརྒྱབ་སྟེ་བཙན་བཀའ་བཏང་འདུག
རྒྱ་གཞུང་ནས་ལྕོག་རི་སེར་སྐྱ་མི་མང་གིས་ཡར་ལངས་བྱེད་སྲིད་པའི་དོགས་གཞིའི་འོག་ལྕོག་རི་དགོན་གྲོང་གཉིས་ཀྱི་གཡས་གཡོན་ལ་དྲག་དམག་ཕོན་ཆེན་འགྲེམས་འཇོག་བྱས་པ་མ་ཟད། ད་དུང་ཁུལ་དེའི་ཁ་པར་དང་སྤྱི་ཚོགས་དྲ་རྒྱ་སོགས་བཀག་སྡོམ་བྱས་ཟིན་སྟབས་ད་ལྟའི་འཆར་ཞིབ་ཕྲའི་གནས་ཚུལ་ཤེས་རྟོག་ཐུབ་རྒྱུ་ཧ་ཅང་ཁག་པོ་ཆགས་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎