ཆབ་སྲིད་བཙོན་ཟུར་དགེ་འདུན་པ་ཆོས་ཀྱིས་ལགས་སྨན་བཅོས་མ་ཐུབ་པར་གྲོངས་འདུག
2020.05.07
ཆབ་སྲིད་བཙོན་ཟུར་དགེ་འདུན་པ་ཆོས་ཀྱིས་ལགས་རྒྱ་ནག་གི་ཉེན་རྟོག་པས་མནར་གཅོད་བཏང་བའི་དབང་གིས་ནད་མནར་ཚབས་ཆེན་གྱིས་འདས་གྲོངས་སུ་གྱུར་འདུག
སྤྱི་ལོ་༢༠༡༥་ལོར་བོད་ནང་༧གོང་ས་མཆོག་གི་སྐུའི་གྱ་སྟོན་དང་འབྲེལ་བའི་ལས་འགུལ་སྤེལ་ལུགས་ཀྱི་ཉེས་འཛུགས་འོག་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བརྒྱུད། ལོ་ངོ་བཞི་མ་ཟིན་ཙམ་གྱི་རིང་བཙོན་འཇུག་རྗེས་གློད་གྲོལ་ཐོབ་པ། གསེར་རྟ་རྫོང་ཕུ་གུ་ཞང་གི་དགེ་འདུན་པ་ཆོས་ཀྱིས་ལགས། བཙོན་ཁང་དུ་ཡོད་སྐབས་རྒྱ་ནག་གི་ཉེན་རྟོག་པས་མནར་གཅོད་ཡུན་རིང་བཏང་རྐྱེན་ནད་མནར་ཚབ་ཆེན་དུ་གྱུར་ཡོད་པ་མ་ཟད། ལྷ་ས་དང་མཚོ་སྔོན་སོགས་སུ་སྨན་བཅོས་ཆེད་འགྲོ་རྒྱུར་ཡང་བཀག་འགོག་བྱས་ཡོད་པས། དུས་ཐོག་སྨན་བཅོས་མ་ཐུབ་པ་སོགས་ལ་བརྟེན་དགེ་འདུན་པ་ཁོང་སྤྱི་ལོ་༢༠༢༠་ཟླ་བ་༥་པའི་ཚེས་༧་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༣་དང་ཕྱེད་ཀའི་ཐོག གསེར་རྟ་རྫོང་ཐོག་གི་རང་ཁྱིམ་ནས་འདས་གྲོངས་སུ་གྱུར་ཡོད་པ། ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
མགོ་ལོག་འཇིགས་མེད་ལགས་ཀྱིས་གསུང་ན། དགེ་འདུན་པ་ཁོང་གི་ཁྱིམ་ཚང་ནི་ཆ་རྐྱེན་ཡག་པོ་ཡོད་པ་ཞིག་ཡིན་པས། གསེར་རྟ་ས་ཁུལ་གྱི་ཡུལ་སྲོལ་གྱི་འགྲོ་སྟངས་གཞིར་བཟུང་དགེ་བ་སྒྲུབ་བཞིན་པ་དང་། ཤི་བོའི་སྔས་མགོའི་བླ་མ་གདན་འདྲེན་སོགས་ཆོས་ཕྱོགས་ཆོ་ག་རྣམས་བསྒྲུབ་བཞིན་ཡོད་ཅིང་། ཁོང་ད་ལན་དངོས་སུ་འདས་གྲོངས་འགྲོ་ས་ནི་གསེར་རྟ་རྫོང་ཐོག་གི་ཕ་མའི་ཁྱིམ་ནས་གྲོངས་ཡོད་པ་དང་། མོ་བཏབ་ནས་ལྷ་ས་ལ་སྨན་བཅོས་སུ་འགྲོ་དགོས་པ་བབས་ཡོད་ནའང་། རྒྱ་ནག་གཞུང་གིས་བཀག་འགོག་བྱས་པའི་མ་ཚད། འབར་ཁམས་དང་ཁྲིན་ཏུའུ་སོགས་སུ་སྨན་བཅོས་ལ་འགྲོ་རྒྱུར་དཀའ་ཁག་འཕྲད་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གོང་བརྗོད་འདས་གྲོངས་སུ་གྱུར་བ་དགེ་འདུན་ཆོས་ཀྱིས་ལགས་ནི། སྤྱི་ལོ་༢༠༡༥་ལོའི་ཟླ་༦་པའི་ཚེས་༡༩ཉིན་རྒྱ་ནག་གཞུང་གིས་གསེར་རྟ་རྫོང་ཐོག་ཏུ་འཛིན་བཟུང་གིས། སི་ཁྲོན་མེན་ཡང་བཙོན་ཁང་སོགས་སུ་བཙོན་འཇུག་ལོ་བཞི་མ་ཟིན་ཙམ་བྱས་རྗེས། སྤྱི་ལོ་༢༠༡༩་ལོའི་ཟླ་༡་ཚེས་༡༨་ཉིན་གློད་གྲོལ་བྱུང་བ་རེད། ཕ་ཡུལ་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཕུ་གུ་དགོན། ཞོ་སང་སྡེ་བ་ནས་ཡིན་པར། ཕ་མིང་ལ་ཞོ་སྐྱ་ཉོ་དང་། མ་མིང་ལ་ཚེ་རིང་སྐྱིད་ཟེར་གྱི་ཡོད་འདུག