འབྲས་སྤུངས་དགེ་འདུན་ཞིག་མནར་གཅོད་འོག་འདས་གྲོངས།
2009.09.03
༄༅༎སྔ་ལོ་ཕྱི་ཟླ་གསུམ་པའི་ནང་བོད་མི་ཚོས་རྒྱ་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་དང་འབྲེལ་བ་ཡོད་པའི་དགེ་འདུན་པ་ཞིག་ཉེ་དུས་འདས་གྲོངས་གྱུར་ཡོད་འདུག
འདི་ག་རླུང་འཕྲིན་ཁང་གི་ཨོ་སི་ཀྲོ་ལི་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན་སྔ་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་བོད་ནང་གི་དོན་རྐྱེན་སྐབས་རྒྱ་གཞུང་གིས་འབྲས་སྤུངས་དགོན་པའི་དགེ་འདུན་པ་གཙོས་པའི་གདན་ས་གསུམ་གྱི་དགེ་འདུན་པ་དང་བོད་མི་གྲངས་ལས་འདས་པ་འཛིན་བཟུང་བཀག་ཉར་དང་བཙོན་འཇུག་བྱས་པ་རྐྱེན་ལམ་དུ་བཏང་བ་སོགས་གདུག་རྩུབ་དྲག་གནོན་བྱས་ཡོད་པ་མ་ཟད་ད་ཆ་ལོ་གཅིག་དང་ཕྱེད་ཀ་ཕྱིན་པའི་རྗེས་སུ་ཡང་འཛིན་བཟུང་བྱས་པ་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད་པའི་ཁར་ཉེ་བའི་དུས་སུ་འབྲས་སྤུངས་དགོན་པའི་དགེ་འདུན་པ་ངག་དབང་ཡོན་ཏན་ལགས་འཛིན་བཟུང་འོག་འདས་གྲོངས་སུ་གྱུར་ཡོད་འདུག ང་ཚོའི་གསར་འགོད་པར་བོད་ནས་ཐད་ཀར་ཁ་དཔར་བརྒྱུད་གནས་ཚུལ་མཁོ་སྤྲོད་བྱུང་བ་གཞིགས་ན་རྐྱེན་ལམ་དུ་ཕྱིན་པའི་དགེ་འདུན་ངག་དབང་ཡོན་ཏན་ལགས་ཕན་པོ་ནས་ཡིན་པ་དང་ཁོང་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་ཁོ་ནའི་འོག་ཚེ་འདས་ཡོད་འདུག རྒྱ་གཞུང་གིས་དང་ཐོག་དོ་བདག་གི་ཕུང་པོ་ནང་མི་ཚོར་རྩིས་སྤྲོད་བྱས་མེད་ཀྱང་ནང་མི་ཚོས་ཞུ་གཏུགས་ནན་པོ་བྱས་པའི་མཐར་ཕུང་པོ་རྩིས་སྤྲོད་བྱས་ཡོད་འདུག།