བོད་རྒྱའི་ཞི་མོལ་ལས་རིམ་ནི་དཀའ་ཚེགས་ཅན་ཞིག་ཡིན་སྐོར།
2009.12.14
༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཙན་བྱོལ་བོད་གཞུང་དང་རྒྱ་ནག་གཞུང་བར་གྱི་ཞི་མོལ་གྱི་ལས་རིམ་ཀྱི་བརྒྱུད་རིམ་དེ་ཡིད་ཐང་ཆད་དགོས་པ་དང་དཀའ་ཚེགས་ཅན་གྱི་རྣམ་པ་ཞིག་གཟིགས་ཀྱི་ཡོད་སྐོར་དང་དེའི་ཐོག་ཨོ་སི་ཀྲོ་ལི་ཡ་ཡུལ་གྱིས་བཙན་བྱོལ་བོད་གཞུང་གི་ངོ་ཚབ་ལྟ་བུ་གནང་ནས་རྒྱ་གཞུང་ལ་ཞུ་བསྐུལ་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་
གོང་ཞུས་བཀའ་བློན་ཁྲི་པ་མཆོག་གི་བཀའ་མོལ་དེ་ཨོ་སི་ཀྲོ་ལི་ཡའི་རླུང་འཕྲིན་ལས་ཁང་ཞིག་གིས་བཅར་འདྲིར་ལན་འདེབས་གནང་སྐབས་གསུངས་པ་ཞིག་ཡིན་པ་དང་བཀའ་བློན་ཁྲི་པ་མཆོག་དེང་སྐབས་ཨོ་སི་ཀྲོ་ལི་ཡའི་ཡུལ་ནང་འཛམ་གླིང་ཡུལ་ཁག་གི་ཆོས་ལུགས་ཀྱི་གྲོས་ཚོགས་དེར་ཕེབས་ཡོད་པ་རེད་ ཡིན་ནའང་བཀའ་བློན་ཁྲི་པ་མཆོག་གིས་རྒྱ་ནག་གཞུང་དང་འབྲེལ་མོལ་གནང་སྐབས་བཙན་བྱོལ་བོད་གཞུང་གི་ལམ་ཕྱོགས་དེ་གསལ་སྟོན་གནང་རྒྱུའི་གོ་སྐབས་དང་རྒྱ་གཞུང་གི་ལངས་ཕྱོགས་དེ་ཡང་ཤེས་རྟོག་ཡོང་རྒྱུར་ཕན་ཐོགས་བྱུང་ཡོད་སྐོར་གསུངས་འདུག
ཡང་བཀའ་བློན་ཁྲི་པ་མཆོག་གིས་འཛམ་གླིང་གི་དཔལ་འབྱོར་གྱི་ལམ་ལུགས་དེ་གཅིག་གྱུར་ཅན་ཞིག་ཏུ་འགྱུར་བཞིན་པའི་དུས་སྐབས་འདིར་འཛམ་གླིང་གི་ཡུལ་ཁག་དང་ཁེ་གཉེར་ལས་ཁང་ཆེ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་དང་དྲང་ཚུགས་ཀྱི་གནད་དོན་དེ་དག་བློས་བཏང་བྱེད་བཞིན་པ་དེ་བློ་ཕམ་གྱི་རང་བཞིན་ཞིག་ཡིན་སྐོར་གསུངས་འདུག
ཡང་བཀའ་བློན་ཁྲི་པ་མཆོག་གིས་སྔ་ལོ་བོད་ཆོལ་ཁ་གསུམ་ནང་ཞི་རྒོལ་བྱུང་བའི་རྗེས་དུས་དལྟ་འང་རྒྱ་གཞུང་གིས་བོད་ནང་དྲག་པོའི་དཔུང་དམག་ཤུགས་ཆེ་འགྲེམས་འཇོག་བྱས་པ་དང་བོད་མི་ཞི་རྒོལ་ནང་ཞུགས་མཁན་རྣམ་པར་སྲོག་ཐོག་མཚོན་པའི་ཉེས་ཆད་ཧ་ཅང་གི་ལྕི་པོ་གཏོང་གི་ཡོད་སྐོར་གསུངས་འདུག བདུན་སྔོན་མའི་རེ་གཟའ་འཕུར་བུ་ཉིན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་ནས་ལོ་ངོ་ ༢༠ འཁོར་བའི་དུས་དྲན་སྐབས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཡོངས་ཁྱབ་གསུང་འཕྲིན་ཐོག་རྒྱ་གཞུང་དང་རྒྱ་ནག་གི་རྩ་ཁྲིམས་དགོངས་དོན་གཞི་བཟུང་ཞི་མོལ་མུ་མཐུད་གནང་རྒྱུའི་འདུན་པ་ཡོད་སྐོར་གསུངས་ཡོད་པ་རེད་