བོད་རང་དབང་སློབ་ཕྲུག་ཚོགས་པས་ཧོའུ་ལ་ངོ་རྒོལ།
2012.07.03
ཕྱི་ཟླ་བདུན་པའི་ཚེས་༡ ཉིན་ཧོང་ཀོང་གི་སྤྱི་ཁྱབ་པ་གསར་པའི་མཛད་འཁུར་གྱི་དམ་བཅའ་བཞེས་པའི་མཛད་སྒོར་རྒྱ་ནག་གི་སྲིད་འཛིན་Hu Jintao ཧོང་ཀོང་དུ་སླེབས་པའི་སྐབས། བོད་རང་དབང་སློབ་ཕྲུག་ཚོགས་པས་ངོ་རྒོལ་གྱི་ལས་འགུལ་སྤེལ་པ་རེད།
ཕྱི་ཟླ་བདུན་པའི་ཚེས་༡ ཉིན་མོ་དེ་ནི། ཧོང་ཀོང་དབྱིན་ཇིའི་མངའ་འོག་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་མི་ལོ་༡༥ འཁོར་བའི་ལོ་འཁོར་དྲན་གསོ་བྱེད་པའི་ཉིན་མ་དེར་ཧོང་ཀོང་གི་སྤྱི་ཁྱབ་པ་གསར་པ་དམ་བཅའ་བཞེས་པའི་མཛད་སྒོ་ཡང་ཚོགས་པའི་ཉིན་མོ་དུས་གཅིག་ཏུ་འཁེལ་བར་བརྟེན་ཧོང་ཀོང་གི་རྒྱ་ལམ་ཐོག་རྒྱ་ནག་གི་སྲིད་འཛིན་Hu Jintao ལ་ངོ་རྒོལ་བྱེད་མཁན་མི་དམངས་འབུམ་བཞི་བྱུང་བའི་ནང་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཡང་མཉམ་ཞུགས་བྱས་ཡོད་པ་དང༌། སྐབས་དེར་ངོ་རྒོལ་བྱེད་མཁན་མི་དམངས་ཀྱིས་རྒྱ་ནག་གཞུང་ཕྱོགས་ནས་ཧོང་ཀོང་གི་དམངས་གཙོའི་རང་དབང་ཐོག་ལ་ཐེ་ཇུས་བྱེད་པར་ཁ་རྡུང་བཏང་བ་དང༌། བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚོས་བོད་ཀྱི་རྒྱལ་དར་འཕྱར་བཞིན་ངོ་རྒོལ་གྱི་ཕྲེད་དར་སྟེང་བོད་རང་དབང་ཞེས་པའི་ཡི་གེ་བྲིས་པ་འཁྱེར་ཡོད་པ་རེད། ཐེ་དབན་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་Jun Shan Fong ཡིས་གསུང་དོན། ཧོང་ཀོང་མི་དམངས་དང་མཉམ་དུ་ངོ་རྒོལ་ལས་འགུལ་ནང་ཞུགས་པ་དེར་ཚོར་བ་མི་འདྲ་བ་ཞིག་དང་ལྷག་དོན་བོད་རང་དབང་ཐོག་ལ་འབོད་སྒྲ་སྒྲོག་རྒྱུ་བྱུང་བ་དེ་ཧ་ཅང་གི་གོ་སྐབས་བཟང་པོ་བྱུང་ཞེས་དང༌། ཧོང་ཀོང་གི་རྒྱ་མི་རིགས་ཀྱིས་བོད་ཀྱི་རྒྱལ་དར་མཐོང་བའི་སྐབས་ཧ་སང་སང་བྱེད་པ་དང༌། ཡིན་ནའང་མི་མང་པོ་ཞིག་གིས་བོད་རང་དབང་ཐོག་ལ་རྒྱབ་སྐྱོར་ཡོད་པ་ཤོད་ཀྱི་འདུག་ཅེས་གསུང་ཡོད་པ་རེད། ད་དུང་རེས་གཟའ་སྤེན་པའི་ཉིན་Jun Shan Fong དང༌། ཁོང་གི་རོགས་པ་ཚོས་བོད་ལ་རང་དབང་དགོས་། རྒྱ་ནག་ལ་རང་དབང་དགོས་ཞེས་བྲིས་པའི་ཕྲེད་དར་འཁྱེར་ཏེ་ཧོང་ཀོང་གི་རྒྱ་ལམ་ཐོག་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱེད་པའི་སྐབས་ཧོང་ཀོང་གི་མི་མང་པོས། ཁོང་ཚོ་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་འཛིན་བྱེད་ཀྱི་མེད། ཧོང་ཀོང་རྒྱ་ནག་ནས་རང་བཙན་དགོས་ཀྱི་རེད་ཅེས་བརྗོད་མཁན་བྱུང་བའི་འགྲེལ་བརྗོད་བྱས་ཡོད་པ་རེད། བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་རྡོར་ལགས་ཀྱིས། ད་རེས་ཧོང་ཀོང་ནང་བོད་དོན་ལས་འགུལ་སྤེལ་མཁན་གྱིས་བོད་རང་དབང་གི་ཕྲེད་དར་འཕྱར་བཞིན་བོད་རང་དབང་གི་ཆེད་དུ་སྐད་འབོད་བྱས་པ་ཐེངས་དང་པོ་ཡིན་པ་དང༌། སྐབས་དེར་འཇུ་བཟུང་བྱས་པ་དང༌། དོ་དམ་བྱས་པ། ཕྱིར་འབུད་བྱས་པའི་དོན་རྐྱེན་གང་ཡང་བྱུང་མ་སོང་ཞེས་གསུང་ཡོད་པ་རེད།
སྐབས་དེར་མང་གཙོ་དོན་གཉེར་བའི་ཧོང་ཀོང་གི་མི་མང་སྟོང་ཕྲག་མང་པོས་རྒྱ་ནག་གི་དབང་འཛིན་ལ་མི་འདོད་པའི་རྣམ་འགྱུར་བཏོན་ཆེད་ངོ་རྒོལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་འདུག སྐབས་དེར་ངོ་རྒོལ་བའི་ཁྲོད་དུ་བོད་དོན་རྒྱབ་སྐྱོར་བ་དང་། མཉམ་སྦྲེལ་རྒྱལ་ཚོགས་ལ་བོད་དོན་ཞུ་སྐུལ་བྱེད་མཁན་གྱི་ལས་འགུལ་བ་ཁག་ཅིག་ནས་ཀྱང་བོད་ཀྱི་རྒྱལ་དར་འཕྱར་བ་དང་། ལག་ཏུ་ཕྲད་དར་འཁྱེར་བ་སོགས་ཀྱི་ལམ་ནས་ཧུ་ཇིན་ཏོ་དེ་སྔ་ཕྱི་ལོ་ ༡༩༨༩ ལོར་བོད་ནང་དྲག་པོའི་ཁྲིམས་གཞི་དམ་ཡོད་པ་དང་། མུ་མཐུད་ནས་ཁོང་སྲིད་འཛིན་ཡིན་པའི་སྐབས་ཀྱང་བོད་ནང་ལ་སྲིད་བྱུས་ནོར་འཁྲུལ་ཅན་ལག་བསྟར་བྱེད་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་རྣམས་ལུང་འདྲེན་བྱས་ནས་ངོ་རྒོལ་བྱས་ཡོད་འདུག དེ་དང་ཕྱོགས་མཚུངས་ཧུ་ཇིན་ཏོ་བོད་ནང་གི་སྲིད་བྱུས་ནོར་འཁྲུལ་ལག་བསྟར་བྱེད་པའི་སྙན་ཐོ་ཞིག་ཀྱང་བཏོན་འཆར་ཡོད་འདུག དེའི་ནང་ད་བར་བོད་ནང་བོད་མི་བཞི་བཅུ་ཞེ་གཅིག་ཙམ་ནས་རང་ལུས་མེར་བསྲེགས་བཏང་ཡོད་པ་དེའི་ཁོངས་ནས་བོད་མི་སུམ་ཅུ་སོ་གཅིག་ཙམ་འདས་གྲོངས་གྱུར་བ་དང་། ཁག་ཅིག་གར་སོང་ཆ་མེད་གྱུར་བ་བཅས་གང་ལྟར་རྒྱ་ནག་གཞུང་གི་སྲིད་བྱུས་གདུག་རྩུབ་ཅན་འཛིན་བཞིན་པ་དེས་བོད་མི་ཚོར་དཀའ་ངལ་འཕྲད་ནས་ཕྱི་ཕྱོགས་སུ་རྒྱབ་སྐྱོར་འཚོལ་གྱི་ཡོད་པ་དང་། སྲིད་འཛིན་ཧུ་ས་ཕྱོགས་གང་དུ་ཕྱིན་ཡང་ང་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་བརྡ་ལན་གསལ་པོ་སྤྲོད་རྒྱུ་ཡིན་ཞེས་ངོ་རྒོལ་བའི་འགོ་འཁྲིད་མཁན་བྷི་རི་ཅིདྲ་ བྷུ་ལོ་ནས་འགྲེལ་བརྗོད་གནང་འདུག་ལ་མུ་མཐུད་ནས་ཧོང་ཀོང་མང་གཙོ་དོན་གཉེར་བ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་གཞན་ཚོའི་མཉམ་ཧུ་ཇིན་ཏོ་ཧོང་ཀོང་ལ་འཚམས་འདྲི་གནང་རྒྱུན་རིང་བོད་དོན་རྒྱབ་སྐྱོར་བ་ཚོས་ཀྱང་མཉམ་ཞུགས་བྱས་ཡོད་འདུག