ཕྱི་རྒྱལ་གྱི་གཞུང་ཚབ་མི་སྣ་ཚོས་འབར་མའི་ནང་གཟིགས་སྐོར་གནང་བ།
2008.05.17
༄༅༎ཕྱི་རྒྱལ་ཡུལ་ཁག་གི་ཕྱི་འབྲེལ་གཞུང་ཚབ་མི་སྣ་༦༠ ནས་༧༠ བར་ཞིག་ཉེ་ལམ་འབར་མའི་ནང་རླུང་འཚུབ་ཤུགས་ཆེ་བརྒྱབས་ཡུལ་ས་གནས་སུ་ཚོགས་པ་གསུམ་ལ་ཁག་བགོས་གནང་སྟེ་ཁ་ས་གཟིགས་སྐོར་གནང་འདུག
ཁོང་རྣམ་པས་གཟིགས་སྐོར་གནང་སྐབས་ ཨི་ར་ཝ་ཌི་ གཙང་པོའི་ཟུར་གསུམ་གྲམ་ཁར་གནས་པའི་ས་ཁུལ་ཁག་ནང་རླུང་འཚུབ་ཀྱི་གནོད་སྐྱོན་ཚབས་ཆེ་ཕོག་པ་གཟིགས་ཡོད་པ་དང༌། རླུང་འཚུབ་དེ་བརྒྱབས་པའི་སྔ་རྗེས་གཉིས་སུ་ཤི་སྐྱོན་དང་བརླགས་དོར་ཕྱིན་པའི་མིའི་གྲངས་འབོར་དེ་ད་ཆ་ཆིག་འབུམ་གསུམ་ཁྲི་གསུམ་སྟོང་ལྷག་འཕར་ནས། འབར་མའི་ནང་གི་གོད་ཆགས་དེ་བཞིན་ཨེ་ཤི་ཡ་གླིང་ཆེན་ནང་རང་བཞིན་འབྱུང་བའི་གོད་ཆགས་ཆེ་ཤོས་ཤིག་ཆགས་ཡོད་པ་རེད།
རླུང་འཚུབ་ཀྱི་གོད་ཆགས་ཕོག་ཡུལ་འབར་མའི་ས་ཁུལ་ནང་མི་དམངས་ས་ཡ་གཉིས་དང་ཕྱེད་ཀ་ཙམ་ཞིག་ཟས་གོས་གནས་མལ་དང་ནད་མནར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ནའང༌། དྲག་པོའི་སྲིད་གཞུང་གིས་ཕྱིའི་རྒྱལ་ཁབ་ཀྱི་སྐྱོབ་གསོ་རོགས་རམ་གཞི་རྒྱ་ཆེན་པོ་ལེན་རྒྱུར་འགོག་བསྡོམ་ཆེན་པོ་བྱེད་བཞིན་ཡོད་པའི་སྐོར་ འབྱུང་བའི་གོད་ཆགས་ཀྱི་དཀའ་ངལ་སེལ་ཐབས་གནང་མཁན་ཆེད་ལས་པ་ཚོས་གསུངས་བཞག།