རྒྱ་གར་རྒྱལ་ཡོངས་ལ་གློག་ཆད་འདུག
2012.07.31
རྒྱ་གར་གྱི་བྱང་ཕྱོགས་དང༌། བྱང་ཤར། ཤར་ཕྱོགས་ས་ཁུལ་ནང་དུ་ཡོད་པའི་གློག་གི་མཁོ་འདོན་བྱེད་མཁན་དང་གློག་མཁོ་སྤྲོད་བྱེད་ཡུལ་གཉིས་དབར་གྱི་འབྲེལ་མཚམས་ལ་གནོད་སྐྱོན་བྱུང་བར་བརྟེན་ནས། མི་དམངས་ས་ཡ་༦༠༠ ལྷག་ལ་གློག་མེད་པའི་དཀའ་ངལ་འཕྲད་མུས་མ་ཟད། རྒྱ་གར་གྱི་ཤར་ཕྱོགས་མངའ་སྡེ་West Bengal ནང་དུ་གློག་ཆད་པའི་རྐྱེན་གྱིས་གཏེར་ཁ་སྔོག་འདོན་བྱེད་མཁན་བརྒྱ་ཕྲག་མང་པོ་ས་འོག་ཏུ་ལུས་པ་དང༌། རྒྱལ་ས་ལྡི་ལི་གཙོས་པའི་རྒྱ་གར་རྒྱལ་ཡོངས་ནང་རི་ལའི་འགྲིམས་འགྲུལ་གནས་སྐབས་འགག་པའི་གནས་ཚུལ་བྱུང་ཡོད་པ་མ་ཟད། དེ་རིང་ཡང་རྒྱ་གར་གྱི་ས་ཁུལ་ཕྱེད་ཀ་ལྷག་ལ་མུ་མཐུད་གློག་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད། འོན་ཀྱང་རྒྱ་གར་གྱི་འབྲེལ་ཡོད་དཔོན་རིགས་ནས། ཁོང་ཚོས་གློག་གང་མགྱོགས་མཁོ་འདོན་ཐུབ་པའི་ལས་ཀ་བྱེད་མུས་ཡིན་པ་མ་ཟད། མི་དམངས་ལ་གློག་གང་མགྱོགས་མཁོ་འདོན་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད། རྒྱ་གར་གཞུང་གི་གློག་གི་ནུས་ཤུགས་བློན་ཆེན་གྱིས་གསར་འགོད་པར། རེས་གཟའ་ཟླ་བའི་ཉིན་དགུང་ཚོུད་༡ པོར་གློག་མཁོ་འདོན་བྱེད་ཡུལ་དུ་གནོད་སྐྱོན་བྱུང་སྟེ། མི་ཚང་མ་ལས་ཀ་བྱེད་པའི་དུས་ཚོད་དུ་འཁེལ་ཡོད་སྟབས། ལས་དོན་མང་པོར་འགོག་རྐྱེན་འཕྲད་ཡོད་པའི་སྐོར་གསུང་ཡོད་ཅིང༌། རྒྱ་གར་གྱི་Uttar Pradesh ནང་དུ་རི་ལིའི་འགྲིམས་འགྲུལ་ཡོངས་རྫོགས་འགག་པ་དང༌། དེ་བཞིན་རྒྱ་གར་ཤར་ཕྱོགས་སུ་མཚོན་ན། གྲོང་ཁྱེར་Kolkata ནང་གློག་མེད་པའི་བྱུང་རྐྱེན་ནི། ནུབ་Bengal ནང་དུ་ཡོད་པའི་གློག་མཁོ་འདོན་བྱེད་ཡུལ་དེ་ནས། དེའི་ཉེ་འཁྲིས་ཀྱི་མངའ་སྡེ་ལྔའི་ནང་གློག་འདོན་བྱེད་པར་བརྟེན། གློག་མཁོ་འདོན་གྱི་ཚད་གཞི་ལས་བརྒལ་བར་བརྟེན་ནས། གློག་མཁོ་འདོན་བྱེད་ཡུལ་ལ་སྐྱོན་ཆགས་བྱུང་བ་ཡིན་པའི་སྐོར་བཀོད་བཞག