དགེ་བསྐོས་ལ་ལོ་བཞི་ལྷག་གི་ཁྲིམས་ཐག་བཅད་འདུག
2013.11.22

རྔ་བ་ཁུལ་ཇོ་ནང་འཛམ་ཐང་དགོན་པའི་དགེ་བསྐོས་ཧོར་གཙང་རྟ་མགྲིན་ལགས་ལ་ལོ་ངོ་བཞི་དང་ཟླ་དྲུག་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་དགེ་བསྐོས་ཧོར་གཙང་རྟ་མགྲིན་ལགས་ཀྱི་ལོ་རྒྱུས་བཀོད་པའི་ནང་། རྒྱ་ནག་གཞུང་གིས་ཁོང་ཕྱི་ལོ་༢༠༡༣ལོའི་ཟླ་༤ཚེས་༢༤ཉིན་ཇོ་ནང་འཛམ་ཐང་དགོན་གཙང་གྲྭ་ཚང་གི་ནག་ཟླའི་དུས་མཆོད་ཆེན་མོ་འཚོགས་བཞིན་པའི་སྐབས་ རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་དང་། བོད་རང་བཙན་གྱི་བསམ་བློར་འུད་སྒྲོག་བྱེད་མཁན་ཡིན་པའི་ཉེས་བཙུགས་ཀྱིས་འཛིན་བཟུང་བྱས་ཏེ་ལོ་ངོ་བཞི་དང་ཟླ་བ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་དང་།
དགེ་བསྐོས་རྟ་མགྲིན་ལགས་ནི་སྙིང་རྗེ་ཐེབས་རྩ་ཚོགས་པ་གསར་འཛུགས་གནང་མཁན་དང་། ཐེབས་རྩ་ཚོགས་པ་དེས་དབང་བོ་སྐྱོན་ཅན་དང་། སློབ་གྲྭ ཆོས་ཚོགས། དགོན་པ། ནད་པ། དབུལ་ཕོངས་མང་ཚོགས་སོགས་ལ་རོགས་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་དང་། ཡང་ཁོང་ལ་རྒྱ་རིགས་ཆོས་གྲོགས་ཤིག་གིས་ཁྱོད་ཀྱིས་བོད་མིས་རང་སྲེག་གི་ལས་འགུལ་འདི་ལ་ལྟ་སྟངས་ག་འདྲ་འཛིན་གྱིན་ཡོད་ཅེས་དྲིས་པར་། ཁོང་གིས་ལན་འདེབས་རྒྱས་པོ་ཞིག་གནང་བའི་ནང་སྙིང་དོན་དུ་བཤད་དཀའ་བ་ཞིག་ལ་གང་ཟག་གི་ཚོད་གང་ཟག་གིས་མི་ཟིན་ཞེས་སངས་རྒྱས་ཀྱིས་གསུངས་ཡོད་པས། རང་ལུས་མེ་ལ་འབུལ་མཁན་ཚོའི་སེམས་ནང་གི་གསང་བ་ངོ་མ་དེ་གང་ཡིན་ངས་ག་ལ་ཤེས། ཡིན་ན་ཡང་ཁོ་ཚོའི་སྙིང་སྟོབས་དང་། ལ་རྒྱ་ ཆོད་སེམས་ལ་ཡིད་ཀྱིས་སྨོན་གྱིན་ཡོད། ཡིན་ཡང་། ངས་ནམ་ཡང་རང་སྲོག་མ་གཅོད་རོགས་ཞེས་ཞུ་དང་ཞུ་བཞིན་ཡོད་ཅེས་གསུངས་པའི་ལོ་རྒྱུས་བཀོད་ཡོད་པ་རེད། ད་ལྟའི་ཆར་ཇོ་ནང་འཛམ་ཐང་དགོན་ཆེན་གྱི་གནས་སྟངས་དེ་ཧ་ཅང་ཉེན་ཁའི་གནས་སུ་ཡོད་པའི་གནས་ཚུལ་བཀོད་འདུག
གསར་འགོད་པ་བློ་བཟང་ཡེ་ཤེས།