མདོ་སྨད་འཛམ་ཐང་ཕྱོགས་སུ་དམ་དྲག་དང་ཚོང་ཁང་སོགས་སྔོག་གཤེར།


2019.03.07
འཛམ་ཐང་ཕྱོགས་ཀྱི་ས་ཁྲ། འཛམ་ཐང་ཕྱོགས་ཀྱི་ས་ཁྲ།
Photo: RFA

རྒྱ་ནག་གཞུང་གིས་མདོ་སྨད་འཛམ་ཐང་རྫོང་ནམ་ཟླ་ཡུལ་ཚོའི་ནང་གི་འགྲོ་བསྐྱོད་ཀྱི་བྱ་བཞག་སྤྱིར་དོ་དམ་དང་རྡོ་སྣུམ་ལ་སོགས་པ་ཚོང་བསྒྱུར་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག
བོད་ཀྱི་ས་ཁུལ་གང་སའི་ནང་རྒྱ་ནག་གཞུང་གིས་ཕྱི་ཟླ་གསུམ་པ་འདི་བཞིན་བདེ་འཇགས་ཀྱི་ཟླ་བ་ཞེས་མིང་བཏགས་ནས་བོད་མིའི་འགྲོ་སྡུག་སྤྱོད་གསུམ་གྱི་གནས་བབས་ཐོག་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་ཁོངས་ནས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་རྫོང་ནམ་ཟླ་ཡུལ་ཚོའི་ནང་ཟླ་བ་གསུམ་པའི་ཟླ་འགོ་ནས་བཟུང་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་དང་སྲིད་གཞུང་གི་ལས་བྱེད་མི་སྣ་སླེབས་ནས་དམ་དྲག་བྱེད་བཞིན་ཡོད་པ་ས་གནས་ཀྱི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་བརྗོད་ཡོད་པ་རེད།
གནས་ཚུལ་མཁོ་སྤྲོད་པ་དེས་བརྗོད་ན། སྲིད་གཞུང་གི་ལས་བྱེད་མི་སྣ་གྲོང་སྡེ་རེ་རེའི་ནང་ཡོང་ནས་ལྟ་རྟོག་བྱེད་པ་དང་ཚོང་ཁང་ནང་ཡོང་ནས་སྔོག་གཤེར་བྱེད་པ། ད་དུང་མི་སྒེར་གྱིས་བཙོང་བཞིན་པའི་རྡོ་སྣུམ་དང་ས་སྣུམ་རིགས་ཚོང་བསྒྱུར་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག
ཡང་འཛམ་ཐང་རྫོང་ཁོངས་ཀྱི་དགོན་པ་ཁག་གི་ནང་ཡང་རྒྱ་མིའི་ལས་བྱེད་མི་སྣ་སླེབས་ནས་ལྟ་རྟོག་བྱེད་པ་དང་། མང་ཚོགས་རྣམས་ས་གནས་གཞན་དུ་འགྲོ་མཁན་རྣམས་ཐོ་འགོད་བྱས་ནས་འདྲ་པར་བརྒྱབ་པ། ས་ཕྱོགས་གཞན་ནས་ཡོང་མཁན་ཚོར་ས་གནས་གང་ནས་ཡོང་མིན་དང་གར་འགྲོ། ཡོང་དོན་སོགས་འདྲི་རྩད་ཀྱིས་ཁོང་ཚོའི་འདྲ་པར་ལེན་པ་སོགས་ནམ་རྒྱུན་དང་མི་འདྲ་བའི་དོགས་ཟོན་དང་དམ་དྲག་གི་རྣམ་པ་ཆེན་པོ་ཡོད་པ་མིང་འབོད་མ་བྱས་པའི་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་དེས་ངོ་སྤྲོད་གནང་ཡོད་པ་རེད། དམ་དྲག་གི་གནས་སྟངས་འདིའི་འོག་ནམ་ཟླ་ཡུལ་ཚོའི་མི་ཚོ་ཞིང་ཆེན་གཞན་དང་རྫོང་ཁག་གཞན་དུ་འགྲོ་བསྐྱོད་སྐབས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག་ཅིང་། བོད་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཞིག་ལ་བཏང་པའི་ཡིག་ཆུང་ཞིག་གི་ནང་།
དེ་རིང་ནི་ཕྱི་ཟླ་གསུམ་པའི་ཚེས་བདུན་རེད། ཞོགས་པར་ཁ་བ་བབས་འདུག གནམ་གཤིས་གྲང་མོ་འདུག། ང་ཚོའི་བདེ་འཇགས་དང་རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ཀྱིས་རྐྱེན་པས། ཟླ་གསུམ་པ་ནི་ཛ་དྲག་གི་ཟླ་བ་ཞིག་རེད། དེ་བས་ས་ཕྱོགས་གང་སར་དྲག་ཆས་ཉེན་རྟོག་སོགས་དང་ལས་བྱེད་མི་སྣ་ཡོངས་ཀྱིས་ལྟ་རྟོག་ནན་པོ་བྱེད་བཞིན་དུ་མཆིས། ཉེ་འཁོར་ཀུན་ཏུ་འགྲོ་འདུག་སོགས་ལ་ཐོ་བཀོད་པ་དང་། འདྲ་པར་ལེན་པ། ཕྱོགས་འོང་འདེད་པ། ཚོང་ཁང་སྔོག་པ། རྡོ་སྣུམ་སྒེར་ཚོང་བཀག་པ། འགྲིམ་འགྲུལ་ལ་ཞིབ་བཤེར་དང་།  དྲག་ཆས་ཉེན་རྟོག་དཔུང་ངོམ་གྱིས་གྲོང་དུ་བསྐྱོད་པ། རྫོང་དང་ཡུལ་ཚོ། ཐ་ན་ཡུལ་ཤོག་རེ་རེ་ལའང་ལས་བྱེད་མི་སྣས་ཉིན་མཚན་ཀུན་ཏུ་རེས་མོས་ཀྱིས་ལྟ་ཞིབ་བྱས་བཞིན་པ་བཀོད་ཡོད་པར་མ་ཟད།  ཕྱི་ཟླ་ ༣ ཚེས་ ༧ ཉིན་དགོན་པའི་ནང་ཡང་ཐེངས་འགའ་སླེབས་ནས་དཔོིན་རིགས་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་ནི་མི་རིགས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པས། རྒྱལ་གཅེས་ཁྲིམས་གཅེས་ཀྱི་མི་ཞིག་བྱ་དགོས་པའི་གཏམ་བཤད་བྱས་ཡོད་པ་སོགས་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎