ལྷ་ས་བར་མེ་འཁོར་འགྲིམ་འགྲུལ་མང་དུ་གཏོང་འཆར་།

རྒྱ་ནག་གཞུང་གིས་བོད་ནང་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་གཏོང་རྒྱུར་དམིགས་ཏེ་ལྷ་ས་བར་མེ་འཁོར་འགྲིམ་འགྲུལ་མང་དུ་གཏོང་མཆར་འདུག

2012.07.03

རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནས་རྒྱ་མི་རིགས་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་གཏོང་རྒྱུར་དམིགས་ཏེ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་གྱི་རི་ལིའི་འགྲིམས་འགྲུལ་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་པའི་སྐོར་དེ་རིང་ཕ་ཡུལ་དྲ་རྒྱའི་གསར་འགྱུར་ཐོག་བཀོད་ཡོད་པ་རེད།
དེ་ཡང་བོད་མདོ་དབུས་རི་ལིའི་ཚོང་ལས་ཁང་གི་མགྲིན་ཚབ་པ་Wang Tao ཟེར་བས་བཤད་དོན། ད་ལྟའི་ཆར་རྒྱ་ནག་གི་གྲོང་ཁྱེར་ཆེ་བ་བདུན་ནས་ལྷ་ས་བར་རི་ལིའི་འགྲིམས་འགྲུལ་བྱེད་མུས་ཡིན་པ་དང༌། དེའི་ནང་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང༌། གྲོང་ཁྱེར་ཧྲང་ཧད། ཟི་ལིང༌ནས་ལྷ་ས་བར་ཉིན་ལྟར་རི་ལིའི་འགྲིམས་འགྲུལ་གྱི་ལས་དོན་སྔོན་ནས་འགོ་བཙུགས་ཟིན་ཡོད་པ་ལྟར་ད་དུང་ཡང་རྒྱ་ནག་གི་ལྷོ་ཕྱོགས་Guangdong ཞིང་ཆེན་གྱི་རྒྱལ་ས་Guangzhou ནས་ལྷ་ས་བར་དུ་ཉིན་ལྟར་རི་ལིའི་འགྲིམས་འགྲུལ་བྱ་རྒྱུ་དེ་ཕྱི་ཟླ་བདུན་པའི་ཚེས་དགུ་ནས་འགོ་འཛུགས་རྒྱུ་ཡིན་པ་དང༌། དེ་རྗེས་ཟིང་ཁྲོན་ཞིང་ཆེན་གྱི་རྒྱལ་ས་གྲན་རྡུ་ནས་ལྷ་ས་བར་དུ་ཉིན་ལྟར་རི་ལིའི་འགྲིམས་འགྲུལ་གྱི་ལས་དོན་ཡང་གང་མགྱོགས་འགོ་འཛུགས་རྒྱུ་ཡིན་པ་བཤད་ཡོད་པ་རེད། ཉེ་ཆར་ཕྱི་ཟླ་ལྔ་པའི་ནང་མདོ་དབུས་རི་ལིའི་འགྲིམས་འགྲུལ་ལས་ཁང་གིས་སྙན་ཐོ་ཞིག་བཏོན་པའི་ནང༌།  ཕྱི་ལོ་༢༠༠༦ ལོའི་ཕྱི་ཟླ་བདུན་པའི་ཚེས་༡ ཉིན་ཐོག་མར་མདོ་དབུས་རི་ལིའི་འགྲིམས་འགྲུལ་འགོ་བཙུགས་པ་ནས་བཟུང་འདས་ཟིན་པའི་མི་ལོ་དྲུག་ནང་དུ་རི་ལིའི་འགྲིམས་འགྲུལ་དེ་བརྒྱུད་བོད་ཀྱི་ས་ཁུལ་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་༤༩ ལྷག་སླེབས་ཡོད་པ་དང༌། གྲངས་འབོར་དེ་ནི། ལོ་རེར་བོད་དུ་ཡུལ་སྐོར་སྤྲོ་འཆམ་པ་ཆ་སྙོམས་བརྒྱ་ཆ་༡༠ དང་གྲངས་ཆུང་གསུམ་འཕེལ་རྒྱས་ཕྱིན་ཡོད་པ་མ་ཟད། རི་ལིའི་འགྲིམས་འགྲུལ་དེའི་ཐོག་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་མི་རིགས་མི་འབོར་འབུམ་གསུམ་འཕེལ་རྒྱས་ཕྱིན་པའི་ནང་ནས་འབུམ་གཉིས་ནི་གཞིས་ཆགས་ཏེ་སྡོད་མཁན་ཡིན་པ་བཀོད་ཡོད་པ་རེད།  བོད་ལ་རི་ལིའི་འགྲིམས་འགྲུལ་བརྒྱུད་བོད་དུ་རྒྱ་མི་རིགས་འབོར་ཆེན་གནས་སྤོ་བྱེད་པ་དེའི་ཐོག་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ནང་དུ་བོད་མིའི་རིག་གཞུང་རྩ་མེད་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར་ཡང་སེ་བཀའ་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎