རྒྱ་ནག་གིས་མགོ་ལོག་ཕྱོཊ་སུ་དམ་དྲག་བྱེད་བཞིན་པ།
2013.12.18

རྒྱ་ནག་གི་འབྲེལ་ཡོད་ཚན་པས་མདོ་སྨད་མགོ་ལོག་དང་ལྷག་དོན་ཁུལ་དེའི་ཨ་སྐྱོང་དགོན་པ་དང་ས་གནས་བོད་མིར་དམ་དྲག་བྱེད་བཞིན་པ་རེད་འདུག
དེ་ཡང་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་༡༡ཚེས་༡༡ཉིན་མདོ་སྨད་མགོ་ལོག་ཁུལ་པདྨ་རྫོང་ཁོངས་ཀྱི་ཇོ་ནང་ཨ་སྐྱོང་དགོན་པའི་དགེ་འདུན་པ་ཚེ་རིང་རྒྱལ་ལགས་ཀྱིས། བོད་དོན་ཆེད་སྐུ་ལུས་མེ་བསྲེགས་ཀྱི་ལས་འགུལ་སྤེལ་བའི་རྗེས་ནས། རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ས་གནས་སུ་དམ་བསྒྲགས་ཆེན་པོ་བྱེད་བཞིན་པ་མ་ཟད། པདྨ་རྫོང་ཁོངས་སུ་ཡོད་པའི་ཇོ་ནང་ཨ་སྐྱོང་དགོན་པ་གཙོས་དགོན་སྡེ་ཁག་གི་དགེ་འདུན་པའི་ཐོག་དམ་བསྒྲགས་
བྱེད་ཤུགས་ཆེ་རུ་བཏང་འདུག དེའི་ཐད་ས་གནས་བོད་མི་ཞིག་གིས་བརྗོད་དོན། རྒྱ་ནག་གཞུང་གིས་ས་གནས་སུ་བོད་མི་ཚོར་དྲག་པོའི་རྣམ་པའི་ཐོག་ནས་འཇིགས་སྐུལ་བྱ་ཆེད།
ཟླ་བ་འདིའི་ཚེས་༤ཉིན་མགོ་ལོག་ཁུལ་དུ་ཡོད་པའི་གེ་སར་ཐང་དུ་དམིགས་བསལ་དྲག་ཆས་ཉེན་རྟོག་དམག་མིས་དྲག་རྩལ་སྦྱོང་བརྡར་བྱས་འདུག ཕྱོགས་མཚུངས་ཟླ་བ་འདིའི་ཚེས་ ༩ ཉིན་ས་གནས་སྤྱི་བདེ་ཉེན་རྟོག་པས་ཇོ་ནང་ཨ་སྐྱོང་དགོན་པའི་དགེ་འདུན་པ་ཏེ་ལོ་ལགས་དང་། ཆོས་འཕགས་ལགས་གཉིས་ཉེན་རྟོག་ཁང་ལ་བོས་ནས་དུས་ཡུན་གང་མཚམས་རིང་འདྲི་རྩད་བྱས་པའི་མཐར་གློད་བཀྲོལ་བཏང་ཡོད་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་ཡོང་བཞིན་པའི་ཞི་བའི་ལས་འགུལ་དེ་ཚོའི་འབྱུང་རྐྱེན་ལ་བསམ་གཞིགས་མ་བྱས་པར། དྲག་པོའི་ལམ་ཁོ་ནར་བརྟེན་ཏེ་ཐག་གཅོད་བྱ་རྒྱུའི་ཐབས་ལམ་བེད་སྤྱོད་བྱས་ནས་བོད་ཁྱོན་ཡོངས་སུ་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་མ་ཟད། དམིགས་བསལ་དྲག་ཆས་ཉེན་རྟོག་པས་བོད་ཀྱི་ས་ཁུལ་ནང་དམག་སྦྱོང་བྱས་ཏེ་ཞི་བའི་མི་སེར་ལ་འཇིགས་སྐུལ་བྱ་རྒྱུའི་ལས་འགུལ་འདི་ནི་ད་རེས་མགོ་ལོག་
ཁུལ་དུ་སྤེལ་བ་ཙམ་མ་ཡིན་པར། ད་སྔ་ལྷ་ས་དང་། རྔ་བ། དཀར་མཛེས། འབྲི་རུ་སོགས་སུ་ཐེངས་མང་སྤེལ་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།