བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་ཐེངས་བདུན་པ་རྒྱ་ནག་ལ་ཐོན་གནང་བ།

བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་ཐེངས་བདུན་པ་རྒྱ་གར་ནས་བཱེ་ཅིང་ལ་ཐོན་གནང་ནས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དང་གྲོས་མོལ་གནང་རྒྱུ་ཡིན་འདུག

2008.06.29

༄༅༎འདི་ག་རླུང་འཕྲིན་ཁང་ནས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན་ བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་ཐེངས་བདུན་པ་དེ་འདི་ཚེས་༢༩ རེས་གཟའ་ཉི་མའི་ཉིན་ལྡི་ལི་ནས་བཱེ་ཅིང་ལ་ཐོན་གནང་ནས་ཉིན་གསུམ་རིང་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་དང་གྲོས་མོལ་གནང་རྒྱུ་ཡིན་པ་དང་ ཕྱི་ཟླ་བདུན་པའི་ཚེས་བཞིའི་ཉིན་ཕྱིར་ལོག་གནང་གི་ཡོད་འདུག

དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་སྐལ་བཟང་རྒྱལ་མཚན་རྣམས་ཀྱི་ལྷན་དུ་ཚོགས་མི་གསར་རྙིང་ག་ཚོད་ཕེབས་ཀྱི་ཡོད་མེད་གསལ་པོ་མི་འདུག་ཀྱང་ དེ་གོང་ལ་ཐེངས་གཅིག་ཕེབས་མྱོང་ཡོད་མཁན་དང་རྒྱ་སྐད་མཁྱེན་མཁན་ཚེ་རྒྱམ་ལགས་མེད་ས་རེད་ འདི་ལོ་གསུམ་བཅུའི་དུས་དྲན་ནས་བཟུང་བོད་ཁྱོན་ཡོངས་སུ་བོད་མིས་རྒྱ་ནག་གཞུང་ལ་སྒེར་ལངས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བ་དང་ རྒྱ་ནག་ནང་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་ལ་འཛམ་གླིང་ཁྱོན་ཡོངས་སུ་བོད་མི་གཙོ་བོར་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་རྡེར་མ་ཆགས་པ་བྱས་པ་སོགས་ཀྱི་ཤུགས་རྐྱེན་དུ་མའི་འོག་ རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་འབྲེལ་ལམ་བསྐྱར་གསོའི་ཆེད་ཕྱི་ཟླ་ལྔ་པའི་ཚེས་ཤར་ལ་དམིགས་བསལ་སྐུ་ཚབ་རྣམ་པ་གཉིས་རྒྱ་ནག་ནང་ཁྱུག་ཙམ་ཕེབས་ཐུབ་པ་བྱུང་ཡོད་ཀྱང་ གྲོས་མོལ་དངོས་སུ་བསྐྱར་གསོ་གནང་ཐུབ་མེད་པ་རེད་ འོན་ཀྱང་འབྲེལ་ལམ་བསྐྱར་གསོ་གནང་རྒྱུར་མོས་མཐུན་བྱུང་བ་མ་ཟད་ ཕྱི་ཟླ་དྲུག་པའི་ཚེས་༡༡ཉིན་སྐུ་ཚབ་ཐེངས་བདུན་པ་ཕེབས་རྒྱུའི་གསལ་བསྒྲགས་ཀྱང་ཕྱོགས་གཉིས་ཀས་གནང་ཡོད་རེད་ འོན་ཀྱང་ཕྱི་ཟླ་ལྔ་པའི་ཚེས་༡༢ཉིན་རྒྱ་ནག་ས་ཡོམ་གྱི་རྐྱེན་ངན་བྱུང་བར་ཁ་གཡོག་གིས་ཚོགས་འདུ་དེ་གནས་སྐབས་རིང་འཕར་འགྱངས་གནང་དགོས་བྱུང་བ་རེད་ ད་ཆ་སྐུ་ཚབ་ཐེངས་བདུན་པ་སྔོན་འགྲོའི་གསལ་བསྒྲགས་གང་ཡང་མེད་པ་ཕེབས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎