དཀར་མཛེས་ཁུལ་དུ་བེུད་དྲུག་ལ་མེ་མདའ་བརྒྱབ་ནས་རྨས་སྐོར།
2009.05.26
༄༅༎ཁམས་དཀར་མཛེས་རྟའུ་རྫོང་དང་ཉག་ཆུ་རྫོང་ཁོངས་ཀྱི་མི་མང་ནས་ཡུལ་མི་གནས་སྤོ་བྱ་རྒྱུར་ངོ་རྒོལ་བྱས་པའི་གནས་ཚུལ་བྱུང་རྗེས་རྒྱ་མིའི་སྤྱི་བདེ་མི་སྣ་དང་དྲག་ཆས་ཉེན་རྟོག་དམག་མིས་མེ་མདའ་བརྒྱབས་ཏེ་ཉུང་མཐར་བེུད་དྲུག་ལ་རྨས་སྐྱོན་ཕོག་ཡོད་པ་བཙན་བྱོལ་བོད་གཞུང་གིས་ཕྱི་ཚེས་ཉི་ཤུ་དྲུག་ཉིན་གནས་ཚུལ་སྤེལ་འདུག
བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་དེའི་ནང་རྒྱ་མིའི་དམག་མིས་བོད་མི་ངོ་རྒོལ་བ་ཚོའི་ཐོག་མེ་མདའ་བརྒྱབས་པའི་གནས་ཚུལ་དེ་ཕྱི་ཟླ་ལྔ་པའི་ཚེས་ཉི་ཤུ་བཞི་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་བཅུ་གཅིག་ཙམ་ལ་བྱུང་ཡོད་འདུག
གནས་ཚུལ་དེའི་བྱུང་རྐྱེན་གཙོ་བོ་ནི་ཕྱི་ལོ་ཉིས་སྟོང་བརྒྱད་ལོ་ནས་བཟུང་རྟའུ་རྫོང་ཁོངས་སུ་རྒྱ་ནག་གཞུང་གིས་གློག་ཁང་གསར་རྒྱག་བྱ་རྒྱུའི་ཆེད་ས་གནས་ཡུལ་མི་གནས་སྤོ་བྱེད་དགོས་པའི་བཀའ་བཏང་སྟེ་ས་རྟགས་བཀོད་བཅུག་པ་དང་དེ་རྗེས་སླར་ཡང་ཕྱི་ལོ་ཉིས་སྟོང་དགུ་ལོར་ཡུལ་མི་གནས་སྤོ་བྱེད་དགོས་སྐོར་བཀའ་བཏང་པར་ཡུལ་མི་ཚོ་ཁ་གཅིག་མཐུན་གྱིས་རང་རང་སོ་སོའི་ཕ་མེས་ནས་གཞིས་ཆགས་ཏེ་གནས་པའི་ས་ཞིང་དང་ཁང་པ་སོགས་བློས་གཏོང་མི་བྱེད་པར་མུ་འཐུད་གནས་སྡོད་བྱས་རྐྱེན་ཉིས་སྟོང་དགུའི་ཟླ་བ་ལྔ་པའི་ཚེས་ལྔ་ཉིན་དྲག་ཆས་དམག་མི་འབོར་ཆེན་ས་གནས་སུ་སླེབས་ཏེ་ཨ་ཀྲི་རྒྱ་མཚོ་ཚང་དང་ཆེ་གོ་པི་ཟི་ཚང་སོགས་མི་ཚང་ཁག་ཅིག་གི་ཁང་ཁྱིམ་བཤིག་གཏོར་བཏང་པའི་གནས་ཚུལ་བྱུང་ཡོད་པ་བཙན་བྱོལ་བོད་གཞུང་གིས་དྲ་གནས་ཐོག་བཀོད་འདུག
ལྷག་པར་དུ་ལྦ་ར་མ་ཀྲོ་ཞེས་པའི་གྲོང་སྡེ་ཞིག་གི་ནང་ཉེ་སྔོན་ཡུལ་མི་གནས་སྤོ་བྱེད་དགོས་སྐོར་གྱི་ཚོགས་འདུ་དང་མཛད་སྒོ་ཞིག་ཚོགས་སྟེ་རྡོ་རིང་ཞིག་ཀྱང་བཙུགས་ཡོད་འདུག་ཀྱང་གྲོང་སྡེ་དེའི་ཡུལ་མི་རང་ལོ་བདུན་བཅུ་ལྷག་ཙམ་སོན་པའི་ལྷ་མོ་ཞེས་པའི་རྒས་མོ་ཞིག་གིས་སྣེ་འཁྲིད་དེ་ང་ཚོའི་ས་ཆ་ང་ཚོར་བདག་དབང་ཡོད་པས་གནས་གཞན་དུ་སྤོ་རྒྱུ་མིན་སྐོར་སྐད་འབོད་བྱས་པ་དང་རྡོ་རིང་དེ་ཡང་བཤིག་གཏོང་བྱས་པ་སོགས་ཡུལ་མི་ཚོའི་ངོས་ནས་གནས་སྤོ་བྱ་རྒྱུ་མིན་པའི་ངོ་རྒོལ་ཤུགས་ཆེ་བྱེད་པའི་གནས་ཚུལ་རིམ་པ་བྱུང་ཡོད་པར་བརྟེན་མཐར་ཉིས་སྟོང་དགུ་ཕྱི་ཟླ་ལྔ་པའི་ཚེས་ཉི་ཤུ་བཞི་ཉིིན་གྱི་སྔ་དྲོ་དམག་མི་ཁྱོན་ཆེ་འབྱོར་བ་དང་དུས་མཚུངས་རྟའུ་རྫོང་དང་ཉག་ཆུ་རྫོང་ཁོངས་ཀྱི་མི་མང་པོ་ཞིག་ཀྱང་ས་གནས་དེར་འཛོམས་ཏེ་ཞི་བའི་ངོ་རྒོལ་བྱེད་སྐབས་དམག་མིས་མེ་མདའ་གང་བྱུང་བརྒྱབས་ཏེ་ཚེ་རིང་ལྷ་མོ་དང་རིག་འཛིན་ལྷ་མོ།སྒྲོལ་མ།སྐལ་བཟང༌།སྒྲོལ་དཀར།མཁའ་དབྱིངས་བཅས་བེུད་དྲུག་ལ་མེ་མདའ་ཕོག་རྗེས་དམག་མིས་བཙན་འཁྲིད་ཀྱིས་ད་ལྟ་ཁོང་ཚོ་ཤི་གསོན་ཇི་ཆགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་རེད་འདུག།