བོད་མི་ལྔའི་ཐག་གཅོད་དུས་བཀག་དུས་འགྱངས་བྱས་འདུག


2014.03.12
བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་བྱེད་མཁན་ཉེན་རྟོག་པས་འཇུ་བཟུང་བྱེད་བཞིན་པ། ༢༠༡༤།༣།༡༠ བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་བྱེད་མཁན་ཉེན་རྟོག་པས་འཇུ་བཟུང་བྱེད་བཞིན་པ། ༢༠༡༤།༣།༡༠
པར། AFP

བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་འཇུ་བཟུང་བྱས་བའི་བོད་མི་ལྔའི་ཐག་གཅོད་དུས་བཀག་དུས་འགྱངས་བྱས་འདུག
དེ་ཡང་ཟླ་༣པའི་ཚེས༡༠བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་བལ་ཡུལ་ནང་དམ་བསྒྲཌ་ཡོད་མིན་ལ་མ་ལྟོས་པར། རྒྱལ་ས་ཀ་ཐ་མན་ཀྲོའུ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཡན་ལག་མཐོང་མཆན་ལས་ཁུངས་དང་། ཤིན་ཧ་གསར་ལས་ཁང་ཡོད་སར་གློ་བུར་བོད་དོན་ཞི་བའི་རྔམ་སྟོན་སྐད་འབོད་བྱས་རྐྱེན་འཇུ་བཟུང་བྱས་བའི་བོད་མི་ཕོ་མོ་མི་གྲངས་ལྔ་ཡོད་པ་སྤྱི་ཚེས༡༡ཉིན་ཉེན་རྟོག་བཀག་ཉར་ཁང་ནས་ཀ་ཐ་མན་ཀྲོའུ་རྫོང་སྡེ་ལས་ཁུངས་ལ་ཁྲིད་ཡོད་ཀྱང་། ཐག་གཅོད་གང་ཡང་མ་བྱུང་བར་ཁོང་ཚོའི་ཐག་གཅོད་དུས་ཚོད་བདུན་ཕྲག་གཅིག་གི་རིང་དུས་འགྱངས་བྱས་ནས་ Hanuman Dhokaཉེན་རྟོག་བཀག་ཉར་ཁང་ལ་སྤོར་སྐྱེལ་བྱས་ཡོད་པ་རེད་འདུག དེ་བཞིན་ཉིན་དེར་མཆོད་རྟེན་འཕགས་པ་ཤིང་ཀུན་སྐོར་ལམ་ནས་འཛིན་བཟུང་བྱས་བའི་བཙུན་མ་བཞི་བོ་འབྲུག་ཆེན་རིན་པོ་ཆེའི་བཙུན་དགོན་ནས་ཡིན་པའི་རྒྱ་གར་ལ་དྭགས་པ་ཡིན་པ་ར་སྤྲོད་བྱུང་རྗེས་ཉིན་དེའི་དགོང་དྲོར་གློད་བཀྲོལ་བཏང་ཡོད་པ་རེད་འདུག
གོང་གི་བོད་མི་ལྔ་བོས་གསུམ་བཅུའི་དུས་དྲན་ཉིན་ལག་ལ་བོད་ཀྱི་རྒྱལ་དར་འཕྱར་བཞིན་བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག བོད་མི་ཚོར་རང་དབང་སྤྲོད་རོགས། མཉམ་སྦྲེལ་རྒྱལ་ཚོགས་ང་ཚོར་དྲང་བདེན་དགོས་ཟེར་བ་སོགས་ཀྱི་རྔམ་སྟོན་སྐད་འབོད་བྱས་སྐབས་འཛིན་བཟུང་བྱས་བ་ཡིན་པ་དང་། ཁོང་ཚོ་ནི་བོད་མི་བསོད་ནམས་བཀྲ་ཤིས་དང་། བསོད་ནམས་ཆོས་སྒྲོན། སྐལ་བཟང་ཀུན་སྒྲོན། མིག་དམར། ཨ་དར་ལེགས་བཅས་ཡིན་པ་རེད།
སྤྱིར་བཏང་རྒྱ་ནག་གི་མངོན་ལྐོག་གཉིས་ཀྱི་གནོན་ཤུགས་ལ་བརྟེན་བལ་ཡུལ་གཞུང་གིས་དུས་རྒྱུན་རྒྱ་ནག་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་མཉམ། བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་མ་ཟད་། ལྷག་པར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་པར་ཉིན་ཤས་གོང་ནས་བལ་ཡུལ་གཞུང་གིས་བོད་མི་གནས་སྡོད་ས་གནས་གང་སར་དམ་དྲག་ཇེ་ཆེར་བཏང་ཡོད་པ་དང་། ཡུལ་དེའི་ནང་གི་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་མི་དང་། བོད་དོན་དངས་བླངས་ལས་འགུལ་བ་སོགས་ཀྱིས་ལས་འགུལ་སྤེལ་བར་དོགས་ནས་དོགས་ཟོན་དང་རྗེས་འདེད་བྱེད་པ་སོགས་སུན་བཙུར་གྱི་དཀའ་ངལ་བཟོ་བཞིན་པ་རེད་འདུག
གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎